འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་4ཉིན།

༄༅།།ཏང་ཡོན་སློབ་གསོའི“ས་མཐོའི་གདོང་ལེན་དགེ་རྒན་མཛོད”བསྐྲུན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཏང་ཡོན་སློབ་གསོའི་དགེ་རྒན་དཔུང་ཁག་གི་མ་ལག་ཅན་འཛུགས་སྐྱོང་དང་བྱང་ཚད་ཧྲིལ་པོའི་འཇོན་ཐང་ལ་ཤུགས་སྣོན་དང་ཆེ་རུ་གཏོང་བ་དང་། “རྫོང་རེར་རྟེན་གཞི་རེ་དང་རྫོང་རེར་ཁྱད་ཆོས་རེ་ལྡན་པའི”ཏང་ཡོན་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། དགེ་རྒན་སྤུས་ལེགས་གཞི་རིམ་དང་ཏང་ཡོན་སློབ་གསོའི་ཞན་ཆའི་ལྷུ་ཚིགས་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་དུས་མཚོ་སྔོན་ཞིང་ཆེན་ཏང་ཡོན་སློབ་གསོའི“ས་མཐོའི་གདོང་ལེན་དགེ་རྒན་མཛོད”ཀྱི་མཛོད་འཇུག་དགེ་རྒན་ཁག་དང་པོར་ཞིབ་དཔྱད་དང་ཞིབ་བཤེར་རྩིས་ལེན་རགས་ཙམ་བྱས་པ་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཏང་ཡོན་སློབ་གསོའི“ས་མཐོའི་གདོང་ལེན་དགེ་རྒན་མཛོད”ནི“ཞིང་ཆེན་རིམ་པའི་མི་100དང་། གྲོང་ཁྱེར་དང་ཀྲོའུ་ཡི་མི་50 ཆུས་དང་རྫོང་གི་མི་20”བཅས་ཀྱི་གྲངས་འབོར་རིམ་དབྱེར་བརྟེན་ནས་བསྐྲུན་པ་ཞིག་རེད། རིམ་པ་ཁག་གི་རྩ་འཛུགས་སྡེ་ཚན་གྱིས་ཚད་གཞིའི་ཆ་རྐྱེན་གཞིར་བཟུང་མི་སྒེར་གྱི་འོས་སྦྱོར་དང་། རྩ་འཛུགས་ཀྱི་གདན་ཞུ། ཚན་པའི་འོས་སྦྱོར་བཅས་ཀྱི་བྱེད་སྟངས་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་དོ་དམ། རྩལ་ནུས་བྱང་ཚད། སྔོན་ཐོན་དཔེ་བཟང་སོགས་རིགས་ལྔར་གཞིར་བཟུང་བ། 《ཞིང་ཆེན་ཡོངས་ཀྱི་ཏང་ཡོན་སློབ་གསོའི“ས་མཐོའི་གདོང་ལེན་དགེ་རྒན་མཛོད”བསྐྲུན་པའི་ལག་བསྟར་ཇུས་གཞི་》དང་《མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་སློབ་གསོའི“ས་མཐོའི་གདོང་ལེན་དགེ་རྒན་མཛོད”བསྐྲུན་པའི་ཚད་གཞི་》གཞི་འཛིན་ས་བཅས་བྱས་ནས་གཞི་རིམ་གྱི་ལས་ཀར་རྒྱུས་མངའ་ཡོད་པ་དང་། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཅུང་མཐོ་པོ་ལྡན་པ། ཆེད་ལས་ཤེས་བྱ་ཟབ་པ། ཏང་ཡོན་སློབ་གསོའི་བྱ་གཞག་ལ་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་མཁན་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་གཉེར་སྐྱོང་དོ་དམ་པ། ཚན་པའི་ལས་སྒོའི་རྐང་འཛིན་པ། གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ། ཕ་ཡུལ་གྱི་ཤེས་ལྡན་མི་སྣ་བཅས་ནས་འོས་མི་གཏན་འཁེལ་བྱེད་དགོས་པ་མ་ཟད། ད་དུང་བོད་རྒྱ་སྐད་ཡིག་གཉིས་ལ་བྱང་ཆུབ་པ་དང་མང་ཚོགས་ལ་གོ་བདེ་བའི་སྐད་ཆས་སློབ་ཚན་འཁྲིད་མཁས་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁག་གཅིག་མཛོད་ནང་འཇུག་རྒྱུར་སྣང་ཆེན་བྱེད་དགོས། མིག་སྔའི་བར་ཞིང་ཆེན་རིམ་པའི་དགེ་རྒན་མཛོད་ཀྱིས་འོས་སྦྱོར་བྱས་པའི་གྲ་སྒྲིག་འོས་མི་198དང་གྲོང་ཁྱེར་དང་། ཀྲོའུ། རྫོང(གྲོང་ཁྱེར་དང་ཆུས)བཅས་ཀྱི་མཛོད་འཇུག་དགེ་རྒན་1562ཟིན་ཡོད། ཞིང་ཆེན་རིམ་པའི་མཛོད་འཇུག་དགེ་རྒན་ཁག་དང་པོར་ཞིབ་དཔྱད་དང་ཞིབ་བཤེར་རྩིས་ལེན་རགས་ཙམ་བྱས་རྗེས“མཚོ་སྔོན་ཏང་འཛུགས”ཀྱི་དྲ་ཚུགས་སོགས་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་བྱ་རྒྱུ་དང་ཡོངས་བསྒྲགས་བྱས་རྗེས་གནད་དོན་མེད་རིགས་ལ་དངོས་སུ་གདན་ཞུའི་ཡི་གེ་སྤྲོད་རྒྱུ་མ་ཟད། ད་དུང་མཛོད་ནང་འཇུག་རྒྱུའང་རེད།