འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་4ཉིན།

༄༅།།བོད་ལྗོངས་ཀྱིས་རྒྱུད་ཀྱི་ས་བོན་གྱི་ལག་རྩལ་ལ་བརྟེན་ནས་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ས་མཐོའི་ས་ཁུལ་དུ་རྒྱུན་ཐོན་གྱི་མི་ཕྱུགས་གཉིས་ཀར་འགོ་བའི་ཞོར་སྐྱེས་སྲིན་འབུའི་ནད་རིགས་ཏེ་ཐུམ་འབུའི་ནད་ནི་མང་ཚོགས་ཀྱི་བདེ་ཐང་དང་དབུལ་སྒྲོལ་ཕྱུག་འགྱུར་ལ་གནོད་འཚེ་བཟོ་བའི་སྔོན་འགོག་ཚོད་འཛིན་གྱི་ནད་གཞི་གཙོ་བོ་ཞིག་ཡིན་པ་དང་། 2016ལོའི་ཟླ་12པར་བོད་རང་སྐྱོང་ལྗོངས་ཀྱིས་ཧྭ་ཏ་རྒྱུད་ཀྱི་ས་བོན་སོགས་ཚན་རྩལ་མཐོ་བའི་ཁེ་ལས་དང་མཉམ་ལས་དམ་ཟབ་བྱས་ཏེ་མཐོ་གསར་ལག་རྩལ་སྤྱད་ནས་གྲལ་བཤེར་བྱས་རེད། 2018ལོའི་ཟླ་7པ་བར་ཧྭ་ཏ་རྒྱུད་ཀྱི་ས་བོན་གྱིས་རང་སྐྱོང་ལྗོངས་ལ་རམ་འདེགས་བྱས་ནས་རིམ་རྩིས་བྱས་ན་ཐུམ་འབུའི་ནད་ཀྱི་ཁྲག་གི་མ་དཔེ་འཚོལ་བསྡུ་ལེགས་སྒྲིག་དང་ཆ་འཕྲིན་ཕབ་འཇུག་ཁྲི་104ལེགས་སྒྲུབ་བྱས་ཡོད་པ་རེད།
     2017ལོའི་ཟླ་4པར་བོད་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཧྭ་ཏ་རྒྱུད་ཀྱི་ས་བོན་དང་ཐུམ་འབུའི་ནད་སོགས་འགོ་ནད་གལ་ཆེན་དང་འགོ་ནད་རང་བཞིན་གྱི་རིམས་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ལོ་གཅིག་ལྷག་ཙམ་རིང་ཧྭ་ཏ་རྒྱུད་ཀྱི་ས་བོན་གྱིས་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན། དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་ལ་རམ་འདེགས་ཧུར་ཐག་བྱས་ནས་ལྷ་ས་གྲོང་ཁྱེར་གྱིས་གཙོས་བོད་ཀྱི་མི་ཚོགས་ཁྱོན་ཡོངས་ལ་ཐུམ་འབུའི་ནད་གྲལ་བཤེར་འགོག་བཅོས་བྱས་པ་རེད།
      མིག་སྔའི་བར་ཧྭ་ཏ་རྒྱུད་ཀྱི་ས་བོན་གྱིས་བོད་ཀྱི་ཐུམ་འབུའི་ནད་ཀྱི་རྣམ་གྲངས་ལ་ཁྲག་ཐུམ་སྒྲིལ་ཁྲི་50དང་ཏུའུ་-80ཡི་དྲོད་ཚད་དམའ་བའི་ཆེད་ལས་འཁྱག་སྒམ་133མཁོ་འདོན་བྱས་ནས་མི་ཁྲི་90ཙམ་གྱི་ཁྲག་གི་མ་དཔེ(ཁྲི་243ལྷག་ཙམ)འཚོལ་བསྡུ་དང་ཉར་ཚགས་བྱེད་རོགས་བྱས་ནས་ཚད་རིམ་ཁྲི་བརྒྱ་ཡི་འགོ་ནད་ཀྱི་མ་དཔེའི་མཛོད་རགས་ཙམ་བསྐྲུན་པ་མ་ཟད། ཐུམ་འབུའི་ནད་ཀྱི་དྭངས་ཁྲག་དུག་སྲིན་འགོག་རྫས་ཀྱི་ཞིབ་དཔྱད་ཚད་ལེན་ཡོ་བྱད་སྒམ་དང་དེ་བཞིན་ཐུམ་འབུའི་ནད་ཀྱི་སྔ་དུས་ཀྱི་འགོ་ནད་ཁྲག་ཁུའི་ཟུར་གནས་ཀྱི་DNAཡི་ཞིབ་དཔྱད་ཚད་ལེན་གྱི་བྱེད་ཐབས་གསར་པ་གསར་སྤེལ་ཡང་བྱས་པས་ཞིབ་བཤེར་བྱེད་ཐབས་རིག་པར་ཚད་བརྒལ་གསར་པ་བྱུང་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ལག་རྩལ་གྱི་བྱེད་ཐབས་གསར་སྤྱོད་པ་དང་ཆབས་ཅིག Bསྒྲ་རླབས་ཀྱི་གཟུགས་བརྙན་ཞིབ་བཤེར་བརྒྱུད་གྲལ་བཤེར་བྱེད་སྟངས་གསར་པ་ཞིག་བཟོས་པས། ཐུམ་འབུའི་ནད་པ་ནུས་ལྡན་ངང་ཤེས་རྟོགས་ཐུབ་པ་མ་ཟད། ཐུམ་འབུའི་ནད་ཀྱི་དུས་འགོའི་ནད་ཤེས་རྟོགས་གང་ལེགས་ཀྱང་ཐུབ་རྒྱུ་རེད། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་ལག་རྩལ་གྱི་བྱེད་ཐབས་གསར་པ་སྤྱད་དེ་མ་དཔེ་ཁྲི་84ལྷག་ཙམ་གྱི་དྭངས་ཁྲག་རིག་པར་ཞིབ་དཔྱད་ཚད་ལེན་བྱས་པས། བོད་ཀྱི་ཐུམ་འབུའི་ནད་དང་དེ་བཞིན་ཐུམ་འབུའི་འགོ་ནད་ཀྱི་རྨང་གཞིའི་གཞི་གྲངས་ཆེ་མོ་ཡང་རགས་ཙམ་ཐོབ་པ་དང་། གོམ་སྟབས་རྗེས་མར་ཐུམ་འབུའི་ནད་པ་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐེ་ཇུས་བྱེད་པའི་ལག་རྩལ་མུ་མཐུད་འཚོལ་ཞིབ་བྱས་ནས་ཐུམ་འབུའི་ནད་ཀྱི་ཕྱོགས་ཡོངས་ནས་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱ་རྒྱུ་རེད།
      2017ལོར་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་རང་རྒྱལ་གྱི་ས་མཐོའི་རྒྱུད་ཀྱི་ས་བོན་གྱི་མཛོད་ཀྱི་རྣམ་གྲངས་ཐོག་མའི་དུས་འགོའི་འཛུགས་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། མིག་སྔར་ས་མཐོའི་རྒྱུད་ཀྱི་ས་བོན་གྱི་མཛོད་འཛུགས་སྐྲུན་གྱི་ས་ཆ་འདེམས་པ་དང་དུས་འགོའི་གཞུང་ལས་ཁང་གཏན་འཁེལ་ཟིན་ཏེ་ཚན་ཞིབ་མི་སྣ་ཉེ་ཆར་ས་ཆ་དེར་ཚན་ཞིབ་ལས་དོན་སྤེལ་བར་བསྐྱོད་རྒྱུ་རེད།