འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་3ཉིན།

༄༅།།སྟོངས་ལ་ཉེ་བའི་སྲོག་ཆགས་ཕུའུ་ཧྲི་དགོ་བ་2793བར་མང་དུ་ཕྱིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། མཚོ་སྔོན་པོའི་མཐའ་འཁོར་དུ་ཕུའུ་ཧྲི་དགོ་བར་རྟོག་ཞིབ་བསྡོམས་རྩིས་བྱས་པ་ལས། ཕུའུ་ཧྲི་དགོ་བའི་གྲངས་འབོར་2793བར་མང་དུ་ཕྱིན་ནས། སྐོར་ཞིབ་ཟིན་ཐོ་བཀོད་ཚུན་གྱི་མང་ཤོས་སུ་སླེབས་པ་དང་། 2017ལོའི་དུས་མཚུངས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་783འཕར་ཡོད་པ་རེད།
     མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་ཡུས་པང་གིས། ལྟ་ཞིབ་མི་སྣས་དགོ་ཕོ་ཆེ་བ་616དང་། དགོ་མོ་ཆེ་བ་1446 དགོ་བ་ལ་ག་116 དགོ་ཕྲུག་615བཅས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅེས་བརྗོད།
     ལྟ་ཞིབ་བྱས་པའི་དཔེ་མཚོན་ཁུལ་13གྱིས་གསེར་ཆེན་རྫོང་ཆོས་རྗེ་ཤང་གི་ཕུའུ་ཧྲི་དགོ་བའི་རིགས་ཕུད་པའི་རིགས་གཞན་དག་ཚང་མར་ཁྱབ་ཡོད་པ་དང་། ཕུའུ་ཧྲི་དགོ་བ་2793མཚོ་སྔོན་པོའི་མཐའ་འཁོར་གྱི་རྫོང་བཞིར་ཁྱབ་ཡོད། ཐེངས་འདིར་ལྟ་ཞིབ་བྱས་པ་ལས། མིག་སྔར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཁོངས་སུ་ཕུའུ་ཧྲི་དགོ་བ་མང་ཤོས་ཡོད་པ་སྟེ་1651ཡོད་པ་ཤེས་རྟོཌ་བྱུང་བ་རེད།
     ཕུའུ་ཧྲི་དགོ་བ་ནི་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས“འཛམ་གླིང་གི་ཆེས་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས”སུ་བརྩིས་ཡོད། ཕུའུ་ཧྲི་དགོ་བ་སྔོན་ཆད་ནང་སོག་དང་། ཉིང་ཞ། ཀན་སུའུ། མཚོ་སྔོན་བཅས་སུ་ཡོད་ཀྱང་། མིའི་རིགས་ཀྱི་བྱེད་སྒོའི་ཤུགས་རྐྱེན་དང་འཚོ་སྡོད་ས་ཁུལ་ཞན་དུ་གྱུར་རྐྱེན། ད་ཆ་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་མཐའ་འཁོར་དུ་མ་གཏོགས་མེད།