འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་3ཉིན།

༄༅།།དཀའ་ཚེགས་ཆེ་བའི་ཁུལ་དུ་ལས་ཀ་བྱེད་མཁན་ལྕགས་ལམ་ལམ་སྐྱོང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ས་བབ་སྨི་4900ཡོད་པ་དང“མཁའ་ལམ་གྱི་ཡང་རྩེ”ཞེས་གྲགས་པའི་གདང་ལའི་ས་ཁུལ་དུ་གོར་མོ་ལས་བཟོ་དུམ་བུའི་གདང་ལའི་ལམ་ཐིག་འཁོར་ཁང་གི་ལྕགས་ལམ་བཟོ་པ་18དེ་གར་ལོ་12གཞིས་ཆགས་ནས་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ས་བབ་མཐོ་ཤོས་དང་། ཆ་རྐྱེན་ཞན་ཤོས། གནོད་འཚེ་མང་ཤོས་བཅས་ཀྱི་སྤྱི་ལེ་125ཡི་འཁྱག་སའི་ལམ་རྒྱུད་ཀྱི་བདག་སྐྱོང་ལས་འགན་ཕྲག་ཏུ་འཁུར་ཡོད་པ་རེད།
      ཟླ་8པ་ནི་གདང་ལ་རི་བོའི་དྲོ་ཤོས་ཀྱི་དུས་ཚིགས་ཤིག་ཡིན་ཡང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་དྲོད་ཚད་15ལས་ཟིན་གྱི་མེད། ཐོ་རེངས་ཆུ་ཚོད་བཞི་པར་ཆར་པ་སིམ་སིམ་བབས་ནས་དྲོད་ཚད་རིམ་བཞིན་ཆག འཁོར་ཁང་གི་ཀྲུའུ་རེན་ལི་པེའོ་ལིན་དང་ལས་རོགས་ཚོས་ལྕགས་ལམ་ལ་ཉིན་རེའི་འཆར་ཅན་སྐོར་ཞིབ་བྱེད་པའི་ལས་དོན་སྒྲུབ་འགོ་ཚུགས་པ་རེད།
      “‘ལྕགས་ལམ་ཉམས་གསོའི་དུས་ཚོད’ནི་སྤྱིར་བཏང་བྱས་ན་ཚང་མ་ཐོ་རེངས་རེད། ང་ཚོས་ངེས་པར་དུ་དུས་ཚོད་དེར་དམ་འཛིན་བྱས་ནས་ལས་བྱ་ལེགས་སྒྲུབ་བྱས་ནས་མེ་འཁོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས”ལི་པེའོ་ལིན་གྱིས་གསར་འགོད་པར་ལམ་ཐིག་བཟོ་པའི་ལས་འགན་གཙོ་བོ་ནི་དྲོད་ཚད་དང་། བརླན་ཚད། དེ་བཞིན་གནམ་གཤིས་ཀྱི་རྒྱུ་རྐྱེན་གཞན་དག་གིས་འཁྱག་སའི་ལམ་ངོས་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་ལྟ་ཞིབ་ནན་པོ་བྱེད་པ་དང་ཆབས་ཅིག་དུས་ཐོག་ཏུ་བདག་སྐྱོང་དང་ཉམས་གསོ་བྱ་རྒྱུ་དེ་རེད་ཅེས་བཤད།
     “ལེ་དབར་བཅུ་ཕྲག་གི་ལམ་བར་དུ་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་ཉིན་གཅིག་ལ་དུས་ཚིགས་བཞི་ཡོད” གདང་ལ་ས་ཁུལ་དུ་ཉིན་མཚན་གྱི་དྲོད་ལ་ཧེ་བག་ཧྲེ་ཧྲི་དྲོད་ཚད་30ལྷག་ཙམ་ཡོད་པས་ལྕགས་ལམ་དེ་དུས་དང་རྣམ་པ་ཀུན་ཏུ་ཚ་དུས་སྐྲངས་ཤིང་། གྲང་དུས་འཁུམ་པའམ་ཡང་ན་ལམ་ངོས་ལ་འདམ་རྫབ་ལངས་པའི་རྐྱེན་གྱིས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་གྱི་ཡོད། “དབྱར་ཁ་ཞེད་སྣང་ཆེ་ཤོས་ལ་ལམ་ངོས་སུ་འདམ་རྫབ་ལངས་པ་དེ་རེད། འདམ་རྫབ་ལང་སྲིད་པའི་ལམ་ངོས་སུ་ངེས་པར་དུ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས”ཞེས་ལི་པེའོ་ལིན་གྱིས་བཤད།
     ས་བབ་སྨི་5000ཙམ་ཡོད་པའི་གདང་ལ་རི་བོའི་ལྕགས་ལམ་ལམ་རྒྱུད་དུ་ལམ་ཐིག་བཟོ་པས་ཉིན་ལྟར་ལྗིད་ཚད་ལ་སྤྱི་རྒྱ་50ཙམ་ཡོད་པའི་ཞིབ་དཔྱད་ཚད་ལེན་གྱི་ཡོ་བྱད་ལ་འབུད་རྒྱག་བཏང་སྟེ་སྤྱི་ལེ་10ཙམ་ཟིན་པའི་ལམ་ངོས་ལ་མྱུལ་ཞིབ་བྱེད་ཀྱི་ཡོད། མྱུལ་ཞིབ་བྱེད་རིང་། གོམ་པ་ཁ་ཤས་སྐྱོད་མཚམས་སུ་ལི་པེའོ་ལིན་གྱིས་ལམ་ངོས་ལ་རྡོག་རྫིས་གཏོང་གི་ཡོད། སྨི་30ནས་སྨི་50སྐྱོད་མཚམས་སུ་པུས་མོ་ས་ལ་བཙུགས་ནས་འཁོར་ལམ་ལ་ལྟ་ཞིབ་ནན་པོ་བྱེད་དགོས་ཀྱི་ཡོད།
     “ལྕགས་ལམ་གྱི་ཁ་ཞེང་ལ་ཞིབ་བཤེར་བྱེད་པར་རེ་བ་ཧ་ཅང་ནན་པོ་ཡོད་པ་དང་ནོར་འཛོལ་ཤོར་ན་ཧའོ་སྨི་རྩིས་གཞིར་བྱས་ནས་རྩིས་རྒྱག་དགོས་ཀྱི་ཡོད”ཅེས་ལི་པེའོ་ལིན་གྱིས་བཤད་པ་དང་། གལ་ཏེ་ལྕགས་ལམ་གྱི་ཁ་ཞེང་ཆོག་འཐུས་ཀྱི་ནོར་ཉེན་ཁྱབ་ཁོངས་ལས་འགལ་ཚེ་མེ་འཁོར་གཡོ་འགུལ་ཐེབས་ནས་ཐ་ན་བདེ་འཇགས་ཀྱི་གནད་དོན་ཐོན་གྱི་ཡོད། འཁོར་ལམ་གྱི་ཆུ་ཚད་དང་། མཐོ་ཚད། ལྕགས་ལམ་གྱི་ཁ་ཞེང་བཅས་ཞིབ་བཤེར་བྱེད་པ་ཁོ་ནར་ལམ་ཐིག་བཟོ་པ་ཞིག་གིས་ཉིན་གཅིག་རིང་པུས་མོ་ས་ལ་བཙུགས་ནས་ཞིབ་བཤེར་ཐེངས་སུམ་བརྒྱ་བཞི་བརྒྱ་ལྷག་ཙམ་བྱེད་དགོས་ཀྱི་ཡོད།
     ཞིབ་འཇུག་ལས་མངོན་པར། མི་ཞིག་གིས་ས་བབ་སྨི་4000ཡོད་པའི་ས་མཐོར་འཚོ་བ་སྐྱེལ་བ་དེ་སྡེར་ཐང་དུ་སྤྱི་རྒྱ་20ཟིན་པའི་ཅ་ལག་ཅིག་འཁྱེར་བ་དང་མཚུངས་པས་ས་བབ་སྨི་4500ཡན་ཡོད་པའི་ས་ཁུལ་དུ་རྩ་བའི་ཐོག་མིའི་རིགས་གནས་སྡོད་ལ་འཚམ་པོ་མེད། འོན་ཀྱང་གདང་ལའི་ལམ་ཐིག་འཁོར་ཁང་གི་ལམ་ཐིག་བཟོ་པ་ཚོས་དཀའ་ཚེགས་ཆེ་བའི་ཁུལ་གྱི“མཁའ་ལམ”དེར་ལོ་12ཏག་ཏག་བརྟན་སྲུང་བྱས་ཡོད་པ་རེད།
     “འཚོ་བ་སྐྱེལ་ཁག་ཤོས་དགུན་ཁ་ཡིན་པ་དང་དྲོད་ཚད་སྐབས་རེ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40མན་དུ་སླེབས་པ་དང་། གངས་བབས་ན་ལྕགས་ལམ་བདག་སྐྱོང་གི་ལས་སྒྲུབ་སྔར་བས་དཀའ་ཚེགས་ཆེ་རུ་འགྲོ་ཡི་ཡོད”ཅེས་འཁོར་ཁང་གི་ཀྲུའུ་རེན་གཞོན་པ་ཡེ་ཡན་ཏུང་གིས་བཤད་པ་དང་། ཁོང་གིས་2009ལོའི་དགུན་དུས་སུ་རི་སྟེང་དུ་གློ་བུར་གངས་ཆེན་པོ་བབས་ནས་ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་ཀྱི་རང་འགུལ་གངས་བཞུར་སྒྲིག་ཆས་ལ་སྐྱོན་ཤོར་ཏེ། “ང་ཚོར་ཐོ་རེངས་ཆུ་ཚོད་4པ་ལྷག་ཙམ་ལ་ཞིབ་བཤེར་ཉམས་བཟོའི་ལས་འགན་སྒྲུབ་དགོས་པའི་བཀའ་འབྱོར་བ་དང་། གངས་ཆེན་པོའི་ཁྲོད་དུ་ཆུ་ཚོད་གསུམ་ལྷག་ཙམ་བསྐྱོད་རྗེས་གཞི་ནས་གནོད་འཚེ་ཐོན་སར་འབྱོར་བ་དང་ལུས་པོ་ཡོངས་འཁྱགས་རེངས་ཐེབས་གྲབས་བྱས་ཀྱང་། ཞིབ་བཤེར་བཟོ་བཅོས་ཀྱི་ལས་འགན་སྐད་གཅིག་ཙམ་ཡང་ནར་འགྱངས་བྱས་མེད”ཅེས་བཤད།
     ལོ་གཅིག་དུས་བཞིར་གངས་ཆར་ལ་མཚམས་ཆད་མེད། འཕྲལ་འདོམས་ལས་འགན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་མེ་འཁོར་གྱི་འཁོར་སྐྱོད་ལ་སྐྱོན་མ་བྱུང་བ་བྱ་ཆེད། ལམ་ཐིག་བཟོ་པས་རྟག་ཏུ་ཆུ་ཚོད་24རིང་བཀའ་བསྒུགས་པས“གཉིད་ཉལ་སྐབས་གཉིད་ལྕི་པོ་ཁུག་མ་ནུས་པ་དང་ཁ་ལག་ཟ་དུས་ཀྱང་ངེས་གཏན་མེད”
     རང་ཉིད་ལ་ཕྲད་པའི་དཀའ་ལས་དེ་དག་ཁོང་ཚོས་སྣང་བ་གཏོང་གི་མེད་རུང་། ནང་མིར་གནོང་འགྱོད་སྐྱེ་བ་ནི་ཐོག་མཐའ་བར་གསུམ་དུ་སེམས་ཀྱི་གཏིང་དུ་བཅངས་ཡོད།
     “ཕྲུ་གུ་སྐྱེ་སྐབས་རང་ཉིད་བཟའ་ཟླའི་འཁྲིས་སུ་མེད། ཁྱིམ་ལ་ང་དགོས་གལ་ཆེ་ཤོས་ཀྱི་སྐབས་སུའང་རང་ཉིད་ཁྱིམ་ལ་ལོག་ཐབས་མ་བྱུང”ཞེས་ལི་པེའོ་ལིན་གྱིས་སྐྱོ་སྣང་ཆེན་པོས་བཤད། “རང་ཉིད་ཀྱིས་ལས་ཀ་ཞིག་བརྗེ་རྒྱུའི་བསམ་བློ་འཁོར་མྱོང་། འོན་ཀྱང་ལས་གནས་འདིར་ལོ་བཅུ་ལྷག་ཙམ་ལས་ཀ་བྱས་པས་བྲལ་མི་ཕོད་པ་ཞིག་འདུག”ཅེས་བཤད།
     བརྟན་སྲུང་བྱེད་པའམ་ཡང་ན་ཁ་བྲལ་དགོས་སམ། གདམ་ག་དེའི་མདུན་དུ་གདང་ལའི་ལམ་ཐིག་འཁོར་ཁང་གི་ལམ་ཐིག་བཟོ་པས་ལས་གནས་བརྟན་སྲུང་བྱ་རྒྱུའི་གདམ་ག་བྱས། བོད་ལྗོངས་ཆབ་མདོ་ནས་ཡིན་པའི་ལམ་ཐིག་བཟོ་པ་བློ་བཟང་ཉི་མའི་ངོས་ནས་བརྗོད་ན། ཁོང་གིས་གནད་དོན་དེར་བསམ་བློ་གཏོང་མྱོང་མེད།
     2011ལོའི་དགུན་ཁར་གཏེར་ལེན་ཁ་བཟོ་ལས་དུམ་བུར་ལམ་ཐིག་གི་བདག་སྐྱོང་ལས་ཀ་བྱེད་མཁན་བློ་བཟང་ཉི་མས་གོང་རིམ་འགོ་ཁྲིད་ལ་རེ་འདུན་ཞུ་ཡིག་ཅིག་ཕུལ་ནས་མཚོ་བོད་ལྕགས་ལམ་གྱི་ས་བབ་མཐོ་ཤོས་ཀྱི་སར་ལས་ཀ་བྱེད་པར་སྐྱོད་རྒྱུའི་རེ་འདུན་ཞུས། 2012ལོར་ཁོང་གདང་ལའི་ལྕགས་ལམ་འཁོར་ཁང་དུ་ལས་སྒྱུར་བྱས།
     “ལྕགས་ལམ་དེ་ནི་ཡུལ་མི་ཚོའི་བདེ་སྐྱིད་ཀྱི་ལམ་བུ་ཡིན་པས་འདི་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ངའི་འགན་འཁྲི་ཞིག་ཡིན”ཞེས་བློ་བཟང་ཉི་མས་བཤད། ཁོང་གིས་ནམ་ཡང་ས་མཐོར་བརྟན་སྲུང་བྱས་ཏེ་མཚོ་བོད་ལྕགས་ལམ་གྱི་བདེ་འཇགས་འཁོར་སྐྱོད་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
     2006ལོར་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་ཚུན། མཚོ་བོད་ལྕགས་ལམ་བདེ་འཇགས་ངང་འཁོར་སྐྱོད་བྱས་ནས་ལོ་12སོང་ཡོད། ལྕགས་ལམ་ལས་དོན་པ་མང་པོ་ཞིག་གིས་ལོ་བཅུ་གྲངས་ཁ་ཤས་ཉིན་གཅིག་ལྟར་ལྕགས་ལམ་བརྟན་སྲུང་དང་ལེགས་སྐྱེལ་ཕུལ་བས། གཞི་ནས“མཁའ་ལམ”དེ་ས་མཐོར་བརྟན་པོའི་ངང་སྣུར་སྲིང་ཐུབ་ནས་གངས་ལྗོངས་ས་མཐོར་དྲོ་སྐྱིད་དང་རེ་བ་གསར་པ་སྦྱིན་ཡོད།