འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་3ཉིན།

༄༅།།འཁོར་ཁང་ཆུང་ཆུང་ཞིག་གིས་དབུལ་སྒྲོལ་གྱི་ཕུགས་འདུན་སྒྲུབ་པར་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། བ་ཡན་རྫོང་རྩ་པ་གྲོང་རྡལ་འབུམ་ཁང་ཁུག་གྲོང་ཚོ་ཅན་ནའོ་རི་བོའི་རྒྱུད་དུ་གནས་ཤིང་། ས་བབ་མཐོ་ལ་གནམ་གཤིས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པས་དབུལ་པོའི་ཁྱབ་རྒྱ་ཆེན་པོ་ཡོད་པ་དང་། གྲོང་ཚོ་ཡོངས་སུ་གནད་སྨིན་དབུལ་སྐྱོར་དུད་ཚང་37དང་མི་136ཡོད། གྲོང་ཚོའི་སྐྱེས་པ་ཚོ་རྒྱུན་དུ་ཕྱིར་གླ་པར་བསྐྱོད་དེ་ཡུན་རིང་ཁྱིམ་དུ་ལོག་ཐུབ་ཀྱི་མེད་པས་བུད་མེད་ཚོས་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་པ་ཕུད་ད་དུང་ས་ཞིང་འདེབས་པ་སོགས་ཆ་ཚང་བྱེད་དགོས་ཀྱི་ཡོད། བུད་མེད་ཚོས་ཐོག་མཐའ་བར་གསུམ་དུ་ཁྱིམ་དང་ཐག་ཉེ་ས་ཞིག་ནས་ལས་ཀ་ཙག་ཙིག་བཙལ་ཏེ་ཡོང་འབབ་ཕྲན་བུ་བསགས་ནས་ཁྱིམ་ཚང་གི་འཚོ་བའི་ཁ་གསབ་ཡོང་རེ་བྱེད་ཀྱི་ཡོད།
      གྲོང་ཚོ་དེ་དབུལ་པོའི་གནས་ལས་བསྒྲལ་ནས་མང་ཚོགས་ཀྱི་ཡིད་ཆེས་ཇི་ལྟར་ཐོབ་པར་བྱ་རྒྱུ་ནི་འབུམ་ཁང་ཁུག་ཏང་ཀྲི་པུས་ཡུན་རིང་སེལ་མི་ཐུབ་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད། དཀའ་གནད་དེ་ཧྲུའུ་ཅི་ཨང་དང་པོ་ཀྲང་ཅེ་ཆིང་གྲོང་ཚོར་སླེབས་རྗེས་རིམ་བཞིན་ཐག་གཅོད་ཐུབ་ཡོད་པ་རེད།
      གྲོང་ཚོར་འཇོན་ཐང་ཆེ་བའི“ཧྲུའུ་ཅི་ཨང་དང་པོ”ཞིག་སླེབས་པ།
      2015ལོའི་ཟླ་10པར་ཀྲང་ཅེ་ཆིང་འབུམ་ཁང་ཁུག་གྲོང་ཚོར་སླེབས་རྗེས། ཁོང་གིས་འབུམ་ཁང་ཁུག་གྲོང་ཚོ་དབུལ་པོར་གྱུར་རྐྱེན་གཙོ་བོ་ནི་རིག་གནས་ཆུ་ཚད་མཐོ་པོ་མེད་པའི་ཁར་རྩལ་ནུས་གང་ཡང་མེད་པས་སྐྱེས་པ་ཚོས་ཤུགས་ལས་ཤ་སྟག་བྱེད་དགོས་པ་དང་བུད་མེད་ཚོས་ཁྱིམ་གྱི་ས་ཞིང་མུའུ་ཁ་ཤས་དག་བསྲུངས་ནས་སྡོད་པ་དེ་ཡིན་པ་ཤེས།
      ཀྲང་ཅེ་ཆིང་གིས་གྲོང་ཚོའི་བུད་མེད་ཚོའི་ལག་ཤེས་ཡག་པོ་ཡོད་པ་ཤེས་རྗེས། ཁོང་གིས་ལག་ཤེས་ལ་བརྟེན་ནས་གྲོང་མི་ཚོར་ཕྱུག་འགྱུར་གྱི་ལམ་བུ་ཞིག་གཏོད་ཐུབ་མིན་བལྟས།
      ལག་ཤེས་ཡག་པོ་ཡོད་ན་གྱོན་གོས་སྙིང་རྗེ་པོ་བཟོ་ཐུབ་པས། ཀྲང་ཅེ་ཆིང་གིས་བ་ཡན་རྫོང་ལས་ཞུགས་ཅུས་དང་འབྲེལ་བ་བྱས་ནས་གྲོང་ཚོར་དུས་ཡུན་ཉིན་40ཡི་འཚེམ་བཟོའི་གསོ་སྦྱོང་འཛིན་གྲྭ་ཞིག་བཙུགས་ཏེ་གྲོང་ཚོ་ཡོངས་ཀྱི་གཞིས་སྲུང་བུད་མེད་50ལ་སློབ་ཡོན་མི་དགོས་པར་ལག་རྩལ་གསོ་སྦྱོང་བྱས་པ་རེད།
      འཚེམ་བཟོའི་ངལ་རྩོལ་ཡོང་འབབ་ལ་དངོས་སུ་འགྱུར་ཆེད། ཀྲང་ཅེ་ཆིང་གིས་ཡུལ་བབ་ལ་བསྟུན་ནས་གྲོང་ཚོའི་ཏང་ཡོན་བྱེད་སྒོ་ཁང་དེ་འཚེམ་ཁང་ལ་བསྒྱུར་ནས་མཚོ་སྔོན་ཧ་ཉི་ཧྥུའུ་མི་རིགས་གྱོན་གོས་ཚད་ཡོད་ཀུང་སི་དང་གྲོས་མོལ་བྱས་པ་དང་ཀུང་སི་དེས“ཀུང་སི་+འཁོར་ཁང་ཆུང་ཆུང”རྣམ་པར་བརྟེན་ནས་འབུམ་ཁང་ཁུག་གྲོང་ཚོ་དང་མཉམ་ལས་བྱ་རྒྱུའི་མོས་མཐུན་བྱས་པ་དང་སྦྲགས་གྲོང་མི་ཚོར་གྱོན་གོས་ལས་སྣོན་གྱི་མངགས་ཐོ་ཡང་སྤྲད། དེ་ནས་བཟུང་གྲོང་མི་ཚོས་ཁྱིམ་གྱི་སྒོ་རྩ་ནས་འཚེམ་བཟོ་ཤེས་པ་དང་སྦྲགས་འཇོན་ཐང་ཡང་དངོས་སུ་འདོན་ཐུབ་པ་རེད།
      ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ།
      འདི་ལོའི་ཟླ་4པར“ཧྲུའུ་ཅི་དང་པོའི”ལས་འགན་འཁུར་མཁན་ཨང་གཉིས་པ་སྟོབས་རྒྱལ་རབ་བརྟན་འབུམ་ཁང་ཁུག་གྲོང་ཚོར་སླེབས་པ་དང་ཁོང་གི་བསམ་ཕྱོགས་ཀྲང་ཅེ་ཆིང་དང་གཅིག་པ་ཡིན་པས་ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ་སྟབས། ལག་རྩལ་སྦྱངས་ཚེ་དབུལ་པོའི་རྩ་བ་དངོས་འབྲེལ་འབྱིན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
      སྟོབས་རྒྱལ་རབ་བརྟན་གྱིས“ཀུང་སི་+འཁོར་ཁང་ཆུང་ཆུང”གི་ཐོན་སྐྱེད་གཉེར་སྐྱོང་གི་རྣམ་པ་ནི་གྲོང་ཚོའི་གཞིས་སྲུང་བུད་མེད་ཀྱི་ངལ་ནུས་གང་ལེགས་སྤྱད་དེ་ཐོན་སྐྱེད་རྟེན་གཞི་བསྐྲུན་པ་བརྒྱུད་ཁ་ཐོར་དུ་གནས་པའི་ཞིང་དུད་གཅིག་སྡུད་བྱས་ཏེ“མངགས་ཐོ་རྣམ་པའི”ཐོན་སྐྱེད་བྱེད་སྟངས་ཤིག་རེད། ཧ་ཉི་ཧྥུའུ་ཀུང་སིས་ཕྱི་ཕྱོགས་ནས་མངགས་ཐོ་ལེན་པ་དང་རྒྱུ་ཆ་དང་ཐོན་རྫས་ཕྱིར་ཚོང་གི་འགན་འཁུར་བ་དང་གྲོང་ཚོའི་ཐོན་སྐྱེད་འཁོར་ཁང་གིས་མངགས་ཐོ་གཞིར་བཟུང་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ཐོན་རྫས་ལས་སྣོན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
       སྟོབས་རྒྱལ་རབ་བརྟན་གྱིས“དེ་ལྟར་བྱས་ཚེ་ཕྱོགས་གཅིག་ནས་ཞིང་དུད་ཀྱི་ཐོན་སྐྱེད་ཉེན་ཁ་ཆུང་དུ་ཤུགས་ཆེན་བཏང་སྟེ་ཞིང་དུད་ཀྱི་ཡོང་འབབ་འགན་ལེན་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་ཀྱིས་ཐོན་སྐྱེད་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་ཐོན་སྐྱེད་ཀྱི་མ་གནས་དམའ་རུ་ཕྱིན་ཏེ་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་ཕན་པ་ཡོད”ཅེས་བཤད།
     དུད་ཚང་དབུལ་པོས་རང་འགུལ་ངང་མ་མཐའི་འཚོ་བའི་འགན་ལེན་ནས་དོན་པ།
      གྲོང་མི་ཡའོ་ཤིན་ཀྲོང་ནི་འབུམ་ཁང་ཁུག་གྲོང་ཚོའི་འཁོར་ཁང་གི་བཟོ་པ་ཡིན་པ་དང་བཟའ་ཟླ་སྔ་ས་ནས་ཚེ་ལས་འདས་པས། མ་བུ་གསུམ་པོ་གཅིག་ལ་གཅིག་རྟེན་གྱིས་འཚོ་བ་བསྐྱལ་ནས་བསྡད། ཡའོ་ཤིན་ཀྲོང་གིས་ནམ་རྒྱུན་ས་ཞིང་འདེབས་པ་དང་ཞིང་དལ་དུས་སུ་གྲོང་ཚོར་ལས་ཀ་ཙག་ཙིག་བྱས་ནས་ཡོང་འབབ་གསོག་གི་ཡོད་སྟབས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། དེ་རྗེས་ཕྲུ་གུ་གཉིས་སྔ་རྗེས་སུ་སློབ་ཆེན་ལ་ཚུད་པས་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཇེ་ཆེར་ཕྱིན་ཏེ་དཀའ་ངལ་ཧ་ཅང་ཆེན་པོ་ཕྲད།
      གནད་སྨིན་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་ལས་ཁུར་པོ་ཧ་ཅང་ལྕི་བའི་ཁྱིམ་ཚང་དེར་རེ་བ་ཅུང་ཟད་རྙེད། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ལས་བྱེད་པའི་རོགས་རམ་འོག་ཡའོ་ཤིན་ཀྲོང་གི་ཁྱིམ་ཚང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་གཏན་འཁེལ་བྱས་པས་རྒྱལ་ཁབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། ཕྲུ་གུ་སློབ་གྲྭར་སྐྱོད་པར་རོགས་དངུལ་རག་པ། སྨན་པ་བསྟེན་པར་དམངས་སྲིད་རོགས་སྐྱོབ་ཀྱི་ཐ་སྐྱོང་ཡང་བྱུང་ནས། དེས་འཚོ་བའི་ཁུར་པོ་ཡང་དུ་ཕྱིན་པ་མ་ཟད། ད་ཆ་ཡའོ་ཤིན་ཀྲོང་ཡང་འཚེམ་བཟོའི་དཔུང་ཁག་ལ་ཞུགས་ནས་ཟླ་རེར་ཡོང་འབབ་སྒོར་700ནས་1500བར་ཡོང་གི་ཡོད་པ་དང་ཕྲུ་གུ་གཉིས་ཀྱང་སྔ་རྗེས་སུ་སློབ་གྲྭ་ཐོན་པ་རེད།
      འདི་ལོ་བུ་རྒན་པ་ཀུའོ་ཧུའེ་ཡོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་གཞུང་ལས་པར་ཚུད་དེ་ཟླ་རེར་ཡོང་འབབ་སྒོར་6000ཡོད་པས་ཡའོ་ཤིན་ཀྲོང་ལ་དགའ་བ་དཔག་མེད་སྐྱེས། ཕྲུ་གུ་གཉིས་དང་གྲོས་བསྡུར་བྱས་རྗེས་འདི་ལོའི་ཟླ་3པར་ཡའོ་ཤིན་ཀྲོང་རང་འགུལ་ངང་གྲོང་ཚོའི་ཏང་ཡོན་བྱེད་སྒོ་ཁང་དུ་བསྐྱོད་ནས་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་བཙལ་ཏེ་དུད་ཚང་དབུལ་པོའི་མ་མཐའི་འཚོ་བའི་འགན་ལེན་ནས་ཕྱིར་དོན་རྒྱུའི་ཐག་བཅད།
      སྟོབས་རྒྱལ་རབ་བརྟན་གྱིས“གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱིས་དུད་ཚང་དབུལ་པོར་རོགས་རམ་བྱས་ཏེ། གྲོང་མི་ཚོ་དཀའ་གནད་ལས་བསྒྲལ་སྟབས་ཁོང་ཚོས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག ད་ཆ་གྲོང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས་ཡའོ་ཤིན་ཀྲོང་རང་འགུལ་ངང་མ་མཐའི་འཚོ་བ་འགན་ལེན་ནས་ཕྱིར་དོན་མཁན་དང་པོ་དེ་ཡིན་པ་དང་། གྲོང་མི་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་ཏེ་གྲོང་ཚོར་སླར་ཡང་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་མི་ཐོན་པའི་རེ་བ་ཡོད”ཅེས་བཤད།