འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་3ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

—— ཀྲུང་གོའི་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ལག་རྩལ་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རོགས་བྱས་པའི་སྐོར། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། འདུ་འཛི་ཆེ་བའི་ནེ་རོ་པི་གྲོང་ཁྱེར་གྱི་ཁེན་ནི་ཡ་ལག་རྩལ་སློབ་ཆེན་དུ་སྐྱོད་སྐབས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོ་ནས་ཡོང་བའི་སློབ་མས་བཀོལ་སྤྱོད་ཁང་ཆེན་པོའི་ནང་ཀྲུང་གོས་བཟོས་པའི་གྲངས་འཛིན་ཚོད་འཛིན་གྱི་འཁོར་སྟེགས་བཀོལ་སྤྱོད་ཀྱི་ལས་ལ་བྲེལ་བཞིན་འདུག
      ལོ་23ལ་སླེབས་པའི་ཙན་པི་ཡའི་བུ་མོ་མུའུ་དབན་ས་ཡིས་ཟླ་འདིའི་ཟླ་མཇུག་ཏུ་འཚོག་གྲབས་ཡོད་པའི་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་ཀྱི་འགྲན་སློང་འགྲན་བསྡུར་ལ་གྲ་སྒྲིག་བྱེད་བཞིན་འདུག དེ་ནི་ཀྲུང་གོའི་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི(གཤམ་དུ“ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི”ཞེས་བསྡུ་རྒྱུ)ཡིས་གཉེར་བའི་ཕྱི་རྒྱལ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིའི་རྣམ་གྲངས་ཤིག་རེད། རྣམ་གྲངས་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ནས་ཡོང་བའི་འགྲན་ཞུགས་པ་ཚོར་ཟླ་བ་གཉིས་རིང་གི་འབྲེལ་ཡོད་གསོ་སྦྱོང་བྱ་རྒྱུ་ཡིན་པ་དང་། འགྲན་བསྡུར་རྣམ་པའི་ཐོག་ནས་སློབ་མར་བྱ་དགའ་སྤྲོད་རྒྱུ་རེད།
      ཉེ་བའི་ལོ་ཤས་རིང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ལས་རིགས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་འདེགས་སྐྱོར་བྱ་ཆེད། ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱིས་ཁེན་ནི་ཡ་དང་། ཝུ་ཀན་ཏ། ཙན་པི་ཡ། ཀག་ན། ཀ་པོན་སོགས་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་དང་མཉམ་ལས་བྱས་ནས་ལས་རིགས་སློབ་གསོའི་རྣམ་གྲངས་ལག་ལེན་བསྟར་བ་རེད། ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱིས་རོགས་སྐྱོར་བྱ་ཡུལ་ལ་སློབ་ཁྲིད་སྒྲིག་ཆས་མཁོ་འདོན་བྱེད་པ་མ་ཟད། ད་དུང་ཀྲུང་གོ་ནས་དགེ་རྒན་བདམས་ཏེ་ཨ་ཧྥེ་རི་ཁར་མངགས་ནས་ལས་རིགས་ཀྱི་རྩལ་ནུས་དང་ཉམས་མྱོང་ས་གནས་དེ་གའི་གཞོན་ནུར་དམར་ཁྲིད་བྱེད་ཀྱི་ཡོད་པ་རེད།
      ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱིའི་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་ཅིང་ལི་ཀྲའོ་ལེ་ལེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཁེན་ནི་ཡ་དཔེ་མཚོན་དུ་བྱས་ན་2010ལོར་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་དང་ཁེན་ནི་ཡའི་སློབ་གསོ་པུའི་དབར་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་གན་རྒྱ་ཞིག་བཞག་སྟེ་ཁེན་ནི་ཡ་རུ་ལས་རིགས་སློབ་གྲྭ་10བསྐྲུན་པ་མ་ཟད། ད་དུང་སློབ་གྲྭའི་འཆར་འགོད་དང་ཆེད་ལས་ཀྱི་སྒྲིག་ཆས་སོགས“ཐག་གཅོད་ཀྱི་ཇུས་གཞི་སྡེབ་གཅིག”མཁོ་འདོན་བྱས་པ་རེད། 2013ལོར་ཕྱོགས་གཉིས་པོའི་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭའི་གན་རྒྱ་བཞག་ནས་ཁེན་ནི་ཡའི་མངའ་ཁོངས་ཡོངས་ཀྱི་ཆེ་འབྲིང་ཆེད་ཚན་སློབ་གྲྭ་134རུ་འཕྲུལ་ཆས་ལས་སྣོན་དང་། གློག་རྡུལ་གློག་ལས། རླངས་འཁོར་ཉམས་གསོ། འཕྲུལ་གློག་གཞི་གཅིག ཚ་ལ་གཏོང་བ། འཁྱགས་བཟོ། ཞིང་ལས་ཐོན་ཟོག་ལས་སྣོན། ཨར་ཁང་དོ་དམ། ཨར་ལས་བཟོ་སྐྲུན། ཞིང་འཕྲུལ་ཉམས་བཟོ་སོགས་ཆེད་ལས་ཆེན་པོ་10ཡི་རྩལ་ནུས་གསོ་སྦྱོང་བྱས་ཤིང་། 2020ལོའི་ལོ་མཇུག་གོང་དགེ་རྒན་1500ཙམ་དང་སློབ་མ་ཁྲི་15ལ་གསོ་སྦྱོང་བྱ་རྩིས་ཡོད་པ་རེད།
      འཕྲུལ་ཆས་ཚོད་ལྟ་སྙོམ་སྒྲིག་གི་འགན་འཁུར་བཞིན་པའི་ཧན་ཅང་ཀྲུང་གོ་དང་ཁེན་ནི་ཡའི་ལས་རིགས་སློབ་གསོའི་རྣམ་གྲངས་འགོ་བཙུགས་པ་ནས་བཟུང་ཁེན་ནི་ཡར་སླེབས་ཡོད། ཁོང་གིས་ཁེན་ནི་ཡའི་ལག་རྩལ་སློབ་ཆེན་གྱི་སློབ་མས་གྲངས་གཞི་ཚོད་འཛིན་གྱི་འཁོར་སྟེགས་ལ་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པ་ནས་བཀོལ་སྤྱོད་བྱང་ཆུབ་པ་མ་ཟད་འཕྲུལ་ཆས་ཀྱི་ལྷུ་ལག་ལས་སྣོན་བྱེད་པའི་བར་འགྱུར་ལྡོག་བྱུང་བ་མཐོང་བས་གཞོན་ནུ་དེ་ཚོར་སེམས་གཏིང་ནས་དགའ་པོ་འདུག“ཀྲུང་གོའི་དགེ་རྒན་དང་ཀྲུང་གོའི་སྒྲིག་ཆས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་གཞོན་ནུར་གསོ་སྦྱོང་བྱེད་པའི་དམིགས་ཡུལ་ནི་རྩལ་ནུས་དེ་དག་གིས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་བྱ་རྒྱུ་དེ་ཡིན”ཞེས་ཧན་ཅང་གི་བབ་ཆགས་པའི་སྐད་ཆའི་ཐོག་ནས་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་ཐོག་མའི་བསམ་འདུན་མངོན་པར་བྱས།
     ཁེན་ནི་ཡའི་ནུབ་རྒྱུད་ནས་ཡིན་པའི་བུ་མོ་ཨ་ཆའོ་མཱ་ཆུང་བྱིས་པའི་དུས་ནས་བཟོ་བཀོད་པ་ཞིག་ཏུ་འགྱུར་འདོད་ཆེན་པོ་བྱེད་ཀྱི་ཡོད། “རྒྱུན་དུ་མི་རྣམས་ཀྱིས‘བུད་མེད་ཀྱིས་བཟོ་བཀོད་པ་ཡག་པོ་ཞིག་བྱེད་མི་ཐུབ’ཅེས་བརྗོད་ཀྱི་ཡོད། ངས་བྱ་སྤྱོད་དངོས་ལ་བརྟེན་ནས་སྐད་ཆ་དེ་ནི་ནོར་འཁྲུལ་ཞིག་ཡིན་པའི་ར་སྤྲོད་བྱ་རྒྱུ་ཡིན”ཞེས་བཤད།
     ཨ་ཆའོ་མཱ་གནས་སའི་ལག་རྩལ་གསོ་སྦྱོང་སློབ་གླིང་དེ་ནི་ཀྲུང་གོ་དང་ཁེན་ནི་ཡའི་ལས་རིགས་སློབ་གསོའི་རྣམ་གྲངས་ཁྱབ་པའི་སློབ་གྲྭའི་གྲས་ཤིག་ཡིན། 2016ལོར་སློབ་གྲྭས་ཨ་ཆའོ་མཱ་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་བསྡུར་ནང་ཞུགས་རྒྱུའི་འོས་སྦྱོང་བྱས་པ་དང་མཐར་ཁོ་མོ་གནས་སའི་རུ་ཁག་ལ་ཨང་གསུམ་པའི་འབྲས་བཟང་ཐོབ་པ་རེད། འགྲན་བསྡུར་བྱས་རྗེས་ཁོ་མོ་ཁེན་ནི་ཡའི་བཟོ་སྐྲུན་ཀུང་སི་ཞིག་གིས་ལས་མིར་འཁོར་སྟེགས་བཀོལ་སྤྱོད་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་པར་གདན་དྲངས་བ་རེད། ན་གཞོན་ལས་ཞུགས་ཐུབ་ཚད་དམའ་བའི་ཁེན་ནི་ཡའི་ངོས་ནས་བརྗོད་ན་ལས་ཀ་དེ་ནི་ཧ་ཅང་ཡག་པོ་ཞིག་རེད།
     ཨ་ཆའོ་མཱ་དང་འདྲ་བའི་ཨ་ཧྥེ་རི་ཁའི་གཞོན་ནུའི་མྱོང་བའི་སྐོར་ལ་ཀྲུང་གོ་དང་ཁེན་ནི་ཡའི་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་དབྱར་གསེང་ལག་ལེན་བསྟར་བཞིན་པའི་ཆིང་ཧྭ་སློབ་ཆེན་འཕྲུལ་ཆས་ཚན་ཁག་གི་འབུམ་རམས་པ་དབང་ཙེར་བག་ཆགས་ཟབ་མོ་ཡོད་པ་རེད། སློབ་མ་ཚོ་དང་སྤེལ་རེས་ཟབ་མོ་བྱས་པས་ཁོང་གིས་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་ལ་ངོས་འཛིན་གཏིང་ཟབ་བྱུང་ལ། ཀྲུང་གོས་དེའི་ཐད་ཐོན་པའི་ནུས་པ་དང་ལེགས་སྐྱེས་ཕུལ་བ་ཡང་གང་ལེགས་ཚོར་ཡོད། ཁོང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་བཟོ་ལས་ཅན་གྱི་ཉམས་མྱོང་ཐད་ཀར་ཚད་གཞིར་འཛིན་རྒྱུ་མེད། ཨ་ཧྥེ་རི་ཁར་རང་ངོས་ཀྱི་ཁྱད་ཆོས་ཡོད་པས་ཡུལ་བབ་དང་བསྟུན་རྒྱུ་ནི་གལ་ཆེན་པོ་རེད། “བཟོ་ལས་ཅན་གྱི་ལག་རྩལ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པའི་ཐད་ཀྲུང་གོ་ཉིད་ཨ་ཧྥེ་རི་ཁའི་རོགས་ཟླ་བཟང་པོར་འགྱུར་རྒྱུའི་ཡིད་ཆེས་ཟབ་མོ་ཡོད”ཅེས་བཤད་པ་རེད།