འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་3ཉིན།

༄༅།།སྐབས་དགུ་པའི་ཀྲུང་གོའི་ཁེ་བེད་བདག་ཐོབ་ཀྱི་ལོ་ཚོགས་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། “ཁེ་བེད་བདག་ཐོབ་ལ་བརྟེན་ནས་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ”བརྗོད་དོན་གཙོ་བོར་བྱས་པའི་སྐབས་དགུ་པའི་ཀྲུང་གོའི་ཁེ་བེད་བདག་ཐོབ་ཀྱི་ལོ་ཚོགས་ཟླ་8ཚེས་30ཉིན་པེ་ཅིང་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེང་ཁྲང་ཡུས་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཧྥོ་ལང་ཤིས་སི·ཀའོ་རུའེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་སྦྲགས་ཤིས་ཚིག་ཀྱང་གསུངས་པ་རེད། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ལིའུ་ཅུན་ཁྲེན་གྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་སྦྲགས་དགའ་བསུ་ཞུ་བའི་ཤིས་ཚིག་ཀྱང་གསུངས་པ་རེད།
      ཧྲེང་ཁྲང་ཡུས་ཀྱིས་ཕྱོགས་གསུམ་གྱི་ཐད་ནས་ཤེས་བྱའི་བདག་དབང་ལ་བརྟེན་ནས་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུའི་གོམ་སྟབས་རྗེས་མའི་བྱེད་ཐབས་ངོ་སྤྲོད་གནང་བ་སྟེ། གཅིག་ནས་བློ་བརྟན་འགྱུར་མེད་ངང་ཤེས་བྱའི་བདག་དབང་སྲུང་སྐྱོང་ནན་ཏན་བྱས་ནས་ཚོང་གཉེར་ཁོར་ཡུག་སྔར་བས་ཡག་པོ་གཏོད་རྒྱུ་དང་། ཁེ་བེད་བདག་ཐོབ་ཀྱི་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་བའི་ཁར་དབང་གནོད་ལ་ཆད་པ་གཅོད་པའི་སྐྱིན་གསབ་ལམ་ལུགས་བཙུགས་ནས་དབང་གནོད་ཀྱི་མ་གནས་མཐོ་རུ་བཏང་སྟེ་དབང་གནོད་བྱེད་མཁན་ལ་སྐྱིན་ཚབ་འབོར་ཆེན་འཇལ་དུ་འཇུག་རྒྱུ། ཤེས་བྱའི་བདག་དབང་ལ་སྲིད་འཛིན་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བའི་ཁར་ཤེས་བྱའི་བདག་དབང་སྲུང་སྐྱོང་ལྟེ་གནས་སྐྲུན་མགྱོགས་སུ་བཏང་སྟེ་ཁེ་བེད་བདག་ཐོབ་ཚོང་རྟགས་ཀྱི་ཕྱོགས་བསྡུས་ཁྲིམས་བསྟར་ལ་མཛུབ་ཁྲིད་བྱེད་པ་དང་འབྲེལ་སྐུལ་འདེད་གཏོང་རྒྱུ། གཉིས་ནས་ཤེས་བྱའི་བདག་དབང་ཉོ་ཚོང་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཀྲུང་ཕྱིའི་ཁེ་ལས་ཀྱིས་རྒྱུན་ལྡན་གྱི་ལག་རྩལ་སྤེལ་རེས་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཁེ་བེད་བདག་ཐོབ་ཀྱི་སྤུས་ཚད་ལེགས་གཏོང་ལས་དོན་གཏིང་ཟབ་སྤེལ་ནས་རིན་ཐང་ཆེ་བའི་ལྟེ་བའི་ཁེ་བེད་བདག་ཐོབ་སྐྱེད་སྲིང་ཤུགས་ཆེན་བྱ་རྒྱུ། གསུམ་ནས་ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་སྒོ་དབྱེ་བསྟུན་མཁས་དང་དོ་མཉམ་ནུས་ལྡན་གྱི་ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་སྒྲིག་སྲོལ་ཞིག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་གི་ཕྱོགས་མང་ལས་དོན་ལ་ཧུར་ཐག་ཞུགས་རྒྱུ། “རྒྱུད་གཅིག་ལམ་གཅིག”ཤེས་བྱའི་བདག་དབང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། ཁེ་བེད་བདག་ཐོབ་ཞིབ་བཤེར་གྱི་མྱུར་བགྲོད་ལམ་བུའི་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ཀྲུང་གོས་དབང་སྤྲད་ཁེ་བེད་བདག་ཐོབ་དག་རྒྱལ་ཁབ་སྔར་བས་མང་པོར་ཐད་ཀར་ཐོ་འགོད་བྱས་ནས་ནུས་པ་ཐོན་རྒྱུར་སྐུལ་འདེད་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཕྱི་རྒྱལ་དུ་དབང་ཆ་ཐོབ་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་མཉམ་ལས་ལ་ཞུགས་རྒྱུར་སྟབས་བདེ་བསྐྲུན་རྒྱུ་བཅས་ཡིན་པ་རེད།