འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་2ཉིན།

༄༅།།ལོ་ངོ་དྲུག་ཅུའི་འཕོ་འགྱུར་ལས་མི་རབས་དུ་མའི་ཚྭ་མཚོའི་ཕུགས་འདུན་མངོན་འགྱུར་བྱུང་བ། 

— རང་རྒྱལ་གྱི་ཅ་ལུད་བཟོ་ལས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ལ་བཅར་འདྲི་བྱས་པའི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་02ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། མཐའ་ཡས་ཀྱི་ཚྭ་མཚོའི་ནང་ཚྭ་འདོན་གྲུ་གཟིངས་སྐྱོད་བཞིན་ཡོད་ཅིང་། རྒྱང་རིང་ནས་ཡོང་བའི་ཡུལ་སྐོར་བས་ཚྭ་རྡོག་དཀར་ཆིལ་ཆིལ་གྱི་འགྲམ་དུ་དྲན་རྟེན་པར་རྒྱག་གི་འདུག ཐག་མི་རིང་བའི་སར། དེང་རབས་ཅན་གྱི་བཟོ་གྲྭ་གྲལ་སྟར་འགྲིག་པ་དང་། སྐྱེ་སྟོབས་ཀྱི་འབར་བའི་སྣང་ཚུལ་ལ་ལྟ་བཞིན་ལོ་83ལ་སླེབས་པའི་ཀྲང་ལེན་ཅི་ཧ་ལས་ཧང་སངས་པར་གྱུར།
       “དངོས་འབྲེལ་བསམ་པའི་ཡུལ་ལས་འདས་པ་ཞིག་རེད། དེ་སྔོན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ཁྲའར་ཧན་ཚྭ་མཚོ་གསར་སྤེལ་བྱས་ནས་ད་བར་བྱུང་བའི་གྲུབ་འབྲས་ནི་ལས་སླ་པོ་ཞིག་གཏན་ནས་མིན”
       བགྲེས་སོང་ཀྲང་ལེན་ཅི་ནི་1958ལོར་ཁྲའར་ཧན་ཚྭ་མཚོར་ཅ་ལུད་གསར་སྤེལ་བྱེད་མཁན་ཚྭ་མཚོ་བ་མི་རབས་དང་པོའི་གྲས་རེད། སྦྲ་གུར་དུ་བསྡད་པ་དང་ཚྭ་ཁང་ཡང་བརྒྱབ་མྱོང་ཡོད། ཁོང་ལ་ཁྲའར་ཧན་ཚྭ་མཚོའི་བྱ་གཞག་འགོ་རྩོམ་པའི་ཐད་བག་ཆགས་ཟབ་མོ་ཡོད་པ་རེད།
        “སྐབས་དེ་དུས་ཅ་ལུད་འདོན་ཁག་པོ་ཡོད། མིས་འཐེན་པ་དང་སྒལ་པར་འཁུར་བ་སོགས་ཚང་མ་ལུས་ཤུགས་ངལ་རྩོལ་ཡིན་པས་ཉིན་རེར་རྔུལ་ཆུ་མང་པོ་འདོན་གྱི་ཡོད་ནའང་ཚྭ་མེད་ཆུ་སྐྱེལ་ཁག་པོ་ཡོད་པའི་རྐྱེན་གྱིས་ཆུ་འཐུང་རྒྱུར་ཡང་ཚད་བཀག་ཡོད་པ་དང་། ཟླ་བ་མང་པོ་གཟུགས་པོ་བཀྲུ་ཐུབ་ཀྱི་མེད”ཅེས་ཀྲང་ལེན་ཅིས་ཕྱིར་དྲན་བྱེད་བཞིན། ཁྲའར་ཧན་དུ་རླུང་དམར་འུར་འུར་ལྡང་བས་མཚམས་རེ་མཚན་མོར་གུར་དང་མལ་ཆས་ཀྱང་འཁྱེར་གྱི་ཡོད་པ་རེད།
         དེ་རིང་། ཁོང་ནི་ཚྭ་མཚོ་བ་མི་རབས་དང་པོའི་འཐུས་མི་ཡིན་པའི་ངོས་ནས་གདན་ཞུས་ལྟར་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཀུང་སི་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་ཏེ་རྒྱུས་མངའ་ཆེ་བའི་ས་ཆ་དེར་སླར་ཡང་འབྱོར་བ་རེད། ད་ལྟའི་ཚྭ་མཚོ་གསར་སྤེལ་ལག་རྩལ་དང་། ཐོན་སྐྱེད་ཀྱི་གཞི་ཁྱོན། ཐོན་སྐྱེད་ཀྱི་སྤུས་ཚད། དེ་བཞིན་བཟོ་པའི་འཚོ་བའི་ཆ་རྐྱེན་བཅས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་མཐོང་སྐབས། ཁོང་གིས་སུ་དང་འཕྲད་ནའང་ཚྭ་མཚོ་གསར་སྤེལ་ལ་ཐོབ་པའི་གྲུབ་འབྲས་ལ་ངེས་པར་དུ་གཅེས་སྤྲས་བྱེད་དགོས་ལུགས་ཀྱི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད།
        ཚྭ་འདམ་གཤོངས་སའི་དབུས་རྒྱུད་དུ་གནས་པའི་ཁྲའར་ཧན་ཚྭ་མཚོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་5856ཟིན་པ་དང་ཚྭའི་ཐོན་ཁུངས་སྣ་ཚོགས་ཀྱི་སྤྱིའི་གསོག་ཚད་ཏུན་དུང་ཕྱུར་600ཟིན་གྱི་ཡོད། མིག་སྔར་དེ་ནི་ཀྲུང་གོའི་ཅ་ལུད་ཐོན་སྐྱེད་རྟེན་གཞི་དང་ཚྭ་མཚོ་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་ཀྱི་རྟེན་གཞི་ཆེ་ཤོས་ཡིན་པ་རེད།
        “1958ལོར་ཚྭ་མཚོ་བ་རྒན་རབས་ཀྱིས་ཁྲའར་ཧན་དུ་ཚགས་རྒྱག་བཀྲུ་ཐབས་ལ་བརྟེན་ནས། ཀྲུང་གོའི་ཅ་ལུད་མེད་པའི་སྟོང་ཆ་བསྐངས་ཏེ་ཀྲུང་གོའི་ཅ་ལུད་བཟོ་ལས་ཀྱི་འགོ་བརྩམས་པ་རེད”ཅེས་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཤེ་ཁང་མིན་གྱིས་བཤད་ཅིང་། ཁོང་གིས། ཚྭ་མཚོ་བ་རྒན་གྲས་ཀྱི་བཤུལ་ལམ་ལ་བརྟེན་ནས་ཚྭ་མཚོ་བ་མི་རབས་དུ་མས་དཀའ་སྤྱད་ལས་གཏོད་དང་འབད་འབུངས་གསར་གཏོད་བྱས་པས། ཚྭ་མཚོའི་ཐོན་ཁུངས་ཐད་ཅཱའི་ཐོན་ཁུངས་རྐྱང་པ་གསར་སྤེལ་ནས་མཱེ་དང་། ལིས། ཅཱ། ནཱ། ཁིལ་བཅས་སྣ་མང་མཉམ་འཕེལ་གྱི་འཁོར་སྐྱོད་དཔལ་འབྱོར་བྱེད་སྟངས་ཤིག་མངོན་འགྱུར་བྱུང་ཡོད་ཅེས་བཤད།
         ཤེ་ཁང་མིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཁྲའར་ཧན་ཚྭ་མཚོའི་གསར་སྤེལ་ཁེ་ལས་གཙོ་བོ་ཡིན་པའི་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིས་མིག་སྔར་ཁིལ་འགྱུར་ཅཱའི་ཐོན་ནུས་ཏུན་ཁྲི་500དང་། ཅ་ལྡན་ཟེ་ཚྭའི་སྐྱུར་གྱི་ཐོན་ནུས་ཏུན་ཁྲི་40 ཆིང་དབྱང་འགྱུར་ཅཱའི་ཐོན་ནུས་ཏུན་ཁྲི་50 ཐན་སོན་ཅཱའི་ཐོན་ནུས་ཏུན་ཁྲི་7.2བཅས་བསྐྲུན་པ་དེས་འཛམ་གླིང་གི་ཨང་བཞི་པ་དང་། ཨེ་ཤེ་ཡའི་ཨང་དང་པོ། འཛམ་གླིང་གི་ཨང་གཉིས་པ། འཛམ་གླིང་གི་ཨང་དང་པོ་བཅས་སོ་སོར་ཟིན་པ་རེད།
       གསར་འགོད་པ་ཚྭ་འདོན་གྲུ་གཟིངས་ཞིག་གི་ནང་འཛེགས་སྐབས་གྲུའི་ནང་ངལ་གསོ་ཁང་དང་། ཟ་ཁང་། གསང་སྤྱོད། དྲོད་སྙོམས་འཕྲུལ་ཆས། ཆུ་སྐོལ་ཆས་སོགས་གཞི་རྩའི་འཚོ་བའི་སྒྲིག་ཆས་གང་དགོས་ཚང་མ་ཡོད་པ་མཐོང་བྱུང་།
        “ཚྭ་མཚོ་བ་རྒན་རབས་ཚོ་དང་བསྡུར་ན་ད་ཆའི་ལས་ཀའི་ཁོར་ཡུག་ལེགས་སུ་ཕྱིན་ཡོད། འོན་ཀྱང་། ཚྭ་མཚོར་ལས་ཀ་བྱེད་སྐབས་ཐོག་མར་ཤེས་དགོས་པའི་རྩལ་ནུས་ཤིག་ནི་ཡུལ་པོ་མི་ཡོང་བ་བྱ་རྒྱུ་དེ་ཡིན”ཚྭ་འདོན་གྲུ་གཟིངས་ཀྱི་བཀོལ་སྤྱོད་པ་ཞིག་ཡིན་པས་གྲུ་གཟིངས་ནང་ཉིན་གང་ཁེར་རྐྱང་དུ་ལས་ཀ་བྱེད་དགོས་ཞེས་ལོ་27ལ་སླེབས་པའི་ཚྭ་འདོན་གྲུ་གཟིངས་བཀོལ་སྤྱོད་བྱེད་མཁན་མཱ་ཧའེ་ལུང་གིས་གསར་འགོད་པར་བཤད་བྱུང་།
       འདི་ལོ་ལོ་50ལ་སླེབས་པའི་དབྱིང་ཧྲོའུ་ཀྲང་ནི་ཅ་ལུད་ཡན་ལག་ཀུང་སིའི་ལས་སྣོན་འཁོར་ཁང་གི་ཞིབ་བཤེར་ཉམས་བཟོའི་བཟོ་པ་དཀྱུས་མ་ཞིག་རེད། “ལས་གནས་འདིའི་ཐོག་ལས་ཀ་ལོ་30ལྷག་ཙམ་བྱེད་མྱོང་རུང་ཞིབ་བཤེར་ཉམས་བཟོའི་ལས་འགན་སྒྲུབ་ཐེངས་རེར་གྲུབ་འབྲས་ཐོབ་པའི་ཚོར་སྣང་ད་དུང་ཡོང་གི་འདུག”རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ནས། སྤྱིར་བཏང་གི་ལས་ཀ་དེ་ཡག་པོ་བསྒྲུབས་ན་ངས་བྱས་ན་དེ་ནི“བཟོ་བོའི་སྙིང་སྟོབས”རེད་སྙམ་གྱི་འདུག་ཅེས་དབྱིང་ཧྲོའུ་ཀྲང་གིས་བཤད་པ་རེད།
        “ཁྲའར་ཧན་གྱི་ཅ་ཡི་ཐོན་ཁུངས་ནི་ཅ་ལུད་རྐྱང་པ་ནས་ཅ་ཡི་ཐོན་རྫས་རབ་དང་རིམ་པ་ཐོན་སྐྱེད་བྱེད་པའི་བར་སྣུར་སྲིང་ཐུབ་སྟེ། སྔོན་ཆད་རང་རྒྱལ་གྱི་ཞིང་ལས་ཐད་སྤྱོད་པའི་ཅ་ཚང་མ་ནང་འདྲེན་བྱེད་པ་ནས་ད་ཆ་རང་མཁོ་རང་འདོན་ཐུབ་ཚད་50%ཡན་ཡུན་རིང་རྒྱུན་འཁྱོངས་ཐུབ་ནས། འཛམ་གླིང་ཅ་ལུད་ཚོང་དོན་གྱི‘མཆོག་ནོར’ལ་གྱུར་ཡོད”ཅེས་ཤེ་ཁང་མིན་གྱིས་བཤད་པ་རེད།