འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་2ཉིན།

༄༅།།སྡེ་ཚན་བརྒྱད་ཀྱིས་མཉམ་དུ་《བྱིས་པ་དང་ན་གཞོན་གྱི་རྒྱང་སྒྲིབ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་ལག་བསྟར་ཇུས་གཞི་》བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་02ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། སློབ་མའི་རྒྱང་སྒྲིབ་གནད་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས་དུས་རབས་གསར་པའི་བྱིས་པ་དང་ན་གཞོན་གྱི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་ཆེད། སློབ་གསོ་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བརྒྱད་ཀྱིས་ཉིན་ཤས་གོང་མཉམ་དུ་《བྱིས་པ་དང་ན་གཞོན་གྱི་རྒྱང་སྒྲིབ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་ལག་བསྟར་ཇུས་གཞི་》བཀྲམ་པ་རེད།
        ཇུས་གཞིའི་ནང་། 2023ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་བྱིས་པ་དང་ན་གཞོན་གྱི་སྤྱིའི་རྒྱང་སྒྲིབ་ཐོན་ཚད་2018ལོའི་རྨང་གཞིའི་ཐོག་ལོར་བརྒྱ་ཆའི་གྲངས་0.5ཡན་ཆག་པར་བྱེད་དགོས་པ་དང་། རྒྱང་སྒྲིབ་མང་བའི་ཞིང་ཆེན་དུ་ལོར་བརྒྱ་ཆའི་གྲངས་1ཡན་ཆག་པར་བྱེད་དགོས། 2030ལོར་སླེབས་སྐབས་བྱིས་པ་དང་ན་གཞོན་གྱི་རྒྱང་སྒྲིབ་གསར་པ་ཐོན་ཚད་མངོན་གསལ་དོད་པོས་ཆག་པ་དང་། མིག་ཤེད་བདེ་ཐང་གི་སྤྱི་ཡོངས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བར་བྱེད་དགོས། ལོ་6ལ་སླེབས་པའི་བྱིས་པར་རྒྱང་སྒྲིབ་ཕོག་ཚད་3%གཡས་གཡོན་དུ་ཚོད་འཛིན་བྱ་རྒྱུ། སློབ་ཆུང་སློབ་མར་རྒྱང་སྒྲིབ་ཕོག་ཚད་38%མན་བར་ཆག་པར་བྱེད་དགོས་པ། དམའ་རིམ་སློབ་འབྲིང་སློབ་མར་རྒྱང་སྒྲིབ་ཕོག་ཚད་60%མན་བར་ཆག་པར་བྱེད་དགོས་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་མར་རྒྱང་སྒྲིབ་ཕོག་ཚད་70%མན་བར་ཆག་པར་བྱེད་དགོས་པ་བཏོན་ཡོད།
      《ལག་བསྟར་ཇུས་གཞིའི་》ནང་། ཁྱིམ་ཚང་དང་། སློབ་གྲྭ སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས་པ་སྟེ། གཅིག་ནི་ཁྱིམ་བདག་གིས་ཕྲུ་གུའི་ཕྱིར་སྐྱོད་བྱེད་སྒོ་དང་སྦྱོང་བརྡར་མང་དུ་བཏང་ནས་ཕྲུ་གུའི་སློབ་ཕྱིའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་བཏང་སྟེ་ཕྲུ་གུའི་གཉིད་དང་ཟས་བཅུད་འགན་ལེན་བྱེད་པ་དང་། ཕྲུ་གུའི་མིག་ལ་གནོད་པའི་བྱ་སྤྱོད་ཡོ་བསྲང་བྱེད་དགོས་པ། གཉིས་ནི་སློབ་གྲྭས་སློབ་མའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་བ་དང་། “འགོ་འཛུགས་ས་གསར་པའི”རྒྱུན་གཏན་སློབ་ཁྲིད་ལ་ནན་པོར་གཞིགས་ནས་སློབ་ཁང་གི་གློག་སྒྲོན་དང་འཕྲོད་བསྟེན་གྱི་ཆུ་ཚད་100%ལ་སླེབས་དགོས་པ། གསུམ་ནི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་2019ལོ་ནས་བཟུང་། ལོ་0ནས་ལོ་6བར་གྱི་བྱིས་པར་ལོ་ལྟར་མིག་སྲུང་ལུས་རྩལ་དང་མིག་ཤེད་ལ་བརྟག་དཔྱད་བྱེད་ཚད་90%ཡན་ཟིན་པ་བྱེད་དགོས་པ་དང་། བྱིས་པ་དང་ན་གཞོན་གྱི་མིག་ཤེད་བདེ་ཐང་གི་དྲ་ཐོག་ཡིག་ཚགས་བཟོ་དགོས་པ། བཞི་ནི་སློབ་མར“མི་སོ་སོ་ནི་རང་ཉིད་བདེ་ཐང་གི་འགན་འཁུར་བ་ཨང་དང་པོ”ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་ནས། རང་འགུལ་ངང་ཚན་རིག་དང་མཐུན་པའི་སྒོ་ནས་མིག་སྤྱོད་མིག་སྲུང་སོགས་ཀྱི་བདེ་ཐང་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ནས་བདེ་ཐང་གི་གོམས་གཤིས་འཇགས་པར་བྱེད་དགོས། ལྔ་ནི་སློབ་གསོ་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ལུས་རྩལ་ཅུས། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་བརྒྱད་ཀྱིས་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་ཞིབ་ཕྲའི་འགན་འཁྲི་དང་ལས་འགན་འཁུར་དགོས་པ་བཅས་ཁ་གསལ་བཏོན་ཡོད།