འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་1ཉིན།

༄༅།།ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་དེ་ལོ་རྒྱུས་ཀྱི་དུས་བབ་ཡག་ཤོས་སུ་སླེབས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚོང་དོན་སྐུལ་འདེད་ཚོགས་པའི་ཞིབ་འཇུག་ཁང་གིས་ཟླ་8ཚེས་29ཉིན་《ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་གི་འཐབ་ཇུས་ཞིབ་འཇུག་སྙན་ཞུ་》ཡོངས་བསྒྲགས་བྱས་ནས་ཀྲུང་གོས“ཕྱིར་སྐྱོད”འཐབ་ཇུས་དང་དོ་དམ་མ་ལག་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་པས་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་ལོ་རྒྱུས་ཀྱི་དུས་བབ་ཡག་ཤོས་སུ་སླེབས་ཡོད་པ་དང་བཀྲག་མདངས་འཚེར་ས་གཙོ་བོ་གཤམ་གསལ།
        ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་མྱུར་ཚད་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད། ཉེ་བའི་ལོ་10རིང་རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་ལོར་ཆ་སྙོམས་འཕར་ཚད་27.2%ཟིན་ནས་ཕྱི་ཕྱོགས་མ་འཇོག་རྒྱལ་ཁབ་ཆེན་པོའི་གྲས་སུ་ཚུད་ཡོད་པ་རེད། 2017ལོར་ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་རྒྱུག་འབོར་ཨ་སྒོར་དུང་ཕྱུར་1246.3ཟིན་ནས་འཛམ་གླིང་གི་ཨང་གསུམ་པར་སླེབས་ཡོད། ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་གསོག་འབོར་ཨ་སྒོར་དུང་ཕྱུར་14820.2ཟིན་ནས་འཛམ་གླིང་གི་ཨང་བརྒྱད་པར་སླེབས་ཡོད། གོ་ལ་ཧྲིལ་པོའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པ་དང་ཀྲུང་གོའི་མ་རྩས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ནུས་པ་ཐོན་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། ཚོང་དོན་དང་མ་འཇོག་སྲུང་སྐྱོང་རིང་ལུགས་རྒྱུན་ཆད་མེད་པར་ཐོན་པའི་རྒྱབ་ལྗོངས་འོག་2018ལོའི་ཟླ་1ནས་ཟླ་7བར་རང་རྒྱལ་གྱི་དངུལ་རྩའི་རིགས་མིན་པའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་652.7ཟིན་པ་དེ་དུས་མཚུངས་ལས་14.1%འཕར་བ་དང་2018ལོའི་གོ་ལ་ཧྲིལ་པོའི་ཐད་ཀའི་མ་འཇོག་སྔོན་རྩིས་ཀྱི་འཕར་ཚད་མཐོ་ཤོས་10%དང་བསྡུར་ན་ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་འཕར་མང་བའི་རྣམ་པ་མངོན་འགྱུར་བྱུང་ཡོད་པ་རེད།
       མིག་སྔར་རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་གི་གཞི་ཁྱོན་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དུས་མཚུངས་ཀྱི་ཆུ་ཚད་ལས་བརྒལ་ཞིང་། ཨ་རི་དང་། དབྱིན་ཇི། འཇར་མན། རི་པིན་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་དུས་མཚུངས་དང་བསྡུར་ན་མིག་སྔར་རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་གི་རྒྱུག་འབོར་དང་གསོག་འབོར་གཉིས་ཀ་སྔོན་ལ་སླེབས་ཡོད་པ་རེད། ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀར་མ་འཇོག་རྒྱུག་འབོར་གྱིས་GDPཁྲོད་བཟུང་བའི་བསྡུར་ཚད་དེ་1.61%ཟིན་པ་དེ། དབྱིན་ཇི་ལས་དུས་མཚུངས་2.26%གིས་དམའ་བ་ཡོད་མོད། འོན་ཀྱང་ཨ་རིའི་0.63%དང་། འཇར་མན་གྱི་0.53% རི་པིན་གྱི་0.28%བཅས་ཀྱི་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
       ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་བྱ་ཡུལ་རྒྱལ་ཁབ་ཀྱི་ཁྱབ་ཚུལ་དེ་བས་དོ་སྙོམས་ཡོད་ཅིང་། ཀྲུང་གོའི་ཕྱི་ཕྱོཌ་ཀྱི་ཐད་ཀའི་མ་འཇོག་དེ་མེད་པ་ནས་ཡོད་པའི་བར་སྐྱེད་སྲིང་དང་། འཚོལ་ཞིབ། བརྟན་པོའི་ངང་སྐུལ་འདེད་གཏོང་བ། དཔྱོད་ཤེས་ལེགས་སྒྲིག་བཅས་དུས་མཚམས་བཞི་བརྒྱུད་ཡོད། 2015ལོར་ཀྲུང་གོའི་ཕྱོ་ཕྱོགས་ཀྱི་ཐད་ཀའི་མ་འཇོག་དེ་དཔྱོད་ཤེས་ལེགས་སྒྲིག་གི་དུས་མཚམས་སུ་སླེབས་རྗེས་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་གི་གྲུབ་ཆ་ཉིན་རེ་བཞིན་ལེགས་སུ་ཕྱིན་ནས་ཐོན་ཁུངས་ལེན་པའི་རྣམ་པ་ནས་གོ་ལ་ཧྲིལ་པོ་རིན་ཐང་འཁོར་འབྲེལ་བསྐྲུན་རྒྱུ་དང་ལག་རྩལ་ཁྲིད་སྟོན་རྣམ་པའི་ཕྱོགས་སུ་བསྒྱུར་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་གལ་ཆེ་མཉམ་དུ་འཛིན་པའི་བར་མཐོངས་ཀྱི་རྣམ་པ་ཞིག་རིམ་གྱིས་གྲུབ་ཡོད།
      ཀྲུང་གོའི་ཕྱི་ཕྱོགས་མ་འཇོག་གི་ཐོན་ལས་ཁྱབ་ཚུལ་དེ་བས་དཔྱོད་ཤེས་ལྡན་ཞིང་། 2015ལོ་ནས་བཟུང་ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཐད་ཀར་མ་འཇོག་རིམ་གྱིས་དཔྱོད་ཤེས་ལེགས་སྒྲིག་དུས་མཚམས་སུ་བསྐྱོད་པ་དང་། ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་རྒྱུག་འབོར་འཕར་ཚད་ཅུང་དལ་མོད། འོན་ཀྱང་གོ་ལ་ཧྲིལ་པོའི་ཁྲོད་ཀྱི་ཐོབ་སྐལ་10.14%འཕར་ནས་མ་འཇོག་གི་གྲུབ་ཆ་དང་སྤུས་ཚད་ཕན་འབྲས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་པ་རེད།