འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་1ཉིན།

༄༅།།རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་དམངས་ལ་སྟབས་བདེ་སྐྲུན་པའི་བྱ་ཐབས་གསར་པ་22བཏོན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཚེས་28ཉིན་སྤྱི་བདེ་པུའི་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ཞབས་ཞུ་དོ་དམ་ལེགས་སུ་གཏོང་རྒྱུའི་བྱ་ཐབས་གསར་པ་22བཏོན་ཏེ་2019ལོའི་དུས་ཚིགས་དང་པོའི་གོང་དུ་དུས་མཚམས་དང་ཁག་དབྱེ་ནས་ལག་བསྟར་བྱ་རྒྱུ་རེད།
       ཁག་འདིའི་གསར་གཏོད་སྒྱུར་བཅོས་ཀྱི་བྱ་ཐབས་གསར་པའི་ནང་གཙོ་བོ་ཕྱོགས་དྲུག་ཚུད་ཡོད་པ་སྟེ། དེང་རབས་ཀྱི་ཚན་རྩལ་ཆ་འཕྲིན་སྤྱོད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གནས་སྤོས་ཡུལ་མི་དང་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་གྱི“དྲ་ཐོག་ལས་སྒྲུབ”ཁྱོན་ཡོངས་ལ་ཁྱབ་རྒྱུ་མགྱོགས་མྱུར་མངོན་འགྱུར་བྱེད་པ་དང་། ལས་དོན་སྒྲུབ་པ་དང་ལག་ཁྱེར་བཟོ་བའི་ལས་ཕྱོད་མཐོ་རུ་བཏང་སྟེ་མང་ཚོགས་ཀྱི་ཁུར་པོ་ཡང་དུ་ཧུར་ཐག་གཏོང་བ། བརྟག་བཤེར་བྱེད་སྟངས་ལེགས་སུ་བཏང་སྟེ་འགག་སྒོ་སྒྲོལ་བའི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ། སྲིད་ཇུས་བྱ་ཐབས་གསར་གཏོད་བྱས་ཏེ་མ་དངུལ་དང་ཤེས་ལྡན་མི་སྣ་འདྲེན་པའི་ལས་དོན་ལ་ཞབས་འདེགས་ཧུར་ཐག་ཞུ་བ། ཚད་ལྡན་ཅན་གྱི་སྐར་ཁུང་གཏོད་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་དེ་བས་ལེགས་པ་དང་མང་བའི་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་པ། ལྟ་སྐུལ་གྱི་བྱ་ཐབས་གསར་གཏོད་བྱས་ཏེ་དོ་དམ་གྱི་འཇོན་ཐང་ཆེ་རུ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་རེད།
      དེའི་ནང་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་འཛུགས་རྒྱུ་ཡིན་པའི་དམངས་བདེ་དམངས་ཕན་གྱི་བྱ་ཐབས་གསར་པ་5ཡོད་པ་སྟེ། ནང་སའི་གྲོང་མིས་རྒྱལ་ཡོངས་ཀྱི་སྤྱི་བདེའི་རྒྱལ་མཚམས་ནས་འགྲོ་འོང་དོ་དམ་སྒྲིག་གཞི་གང་རུང་དུ་ཡུལ་གཞན་ནས་སྤྱིར་བཏང་གི་ལམ་ཡིག་དང་། ཤང་ཀང་དང་ཨའོ་མོན་དུ་འགྲོ་འོང་ཆོག་པའི་ཐོངས་མཆན། ཐའེ་དབན་དུ་འགྲོ་འོང་ཆོག་པའི་ཐོངས་མཆན་བཅས་ཁ་གསབ་དང་བརྗེ་པོ་རྒྱག་པའི་རེ་བ་ཞུ་ཆོག་པ་དང་། ནང་སའི་གྲོང་མིས་རྒྱལ་མཚམས་ནས་འགྲོ་འོང་དོ་དམ་སྒྲིག་གཞི་གང་རུང་དུ་ཡུལ་གཞན་ནས་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ལ་ཚོགས་སྒྲིག་ཡུལ་སྐོར་དུ་སྐྱོད་པའི་ཐོངས་མཆན་རེ་བ་ཞུ་ཆོག་པ། ནང་སའི་གྲོང་མིས་ཐེམ་ཐོ་གནས་སར་སྤྱིར་བཏང་གི་ལམ་ཡིག་དང་། ཤང་ཀང་དང་ཨའོ་མོན་དུ་འགྲོ་འོང་ཆོག་པའི་ཐོངས་མཆན། ཐའེ་དབན་དུ་འགྲོ་འོང་ཆོག་པའི་ཐོངས་མཆན་བཅས་གཉེར་རྒྱུའི་རེ་བ་ཞུས་ཚེ་གཉེར་སྒྲུབ་དུས་ཚད་ལས་ཀའི་ཉིན་མོ་བདུན་བར་ཉུང་དུ་བཏང་བ། སྤྱི་བདེའི་རྒྱལ་མཚམས་ནས་འགྲོ་འོང་དོ་དམ་སྒྲིག་གཞིས་ཕྱི་རྒྱལ་བའི་ལམ་ཡིག་བརླགས་ཏེ་ཕྲལ་གསབ་བྱེད་དགོས་པ་སོགས་ཁ་ཚ་དགོས་གཏུག་གི་གནད་དོན་དུས་ཐོག་ཏུ་བདག་སྤྲོད་དང་ཞིབ་མཆན་འགོད་པའི་སྟབས་བདེ་སྐྲུན་པ། རྒྱལ་སྤྱིའི་འགྲུལ་སྐྱོད་གྲུ་གཟིངས་དང་ཡང་ན་དེའི་ལས་ཚབ་ཚན་པས་དྲ་ཐོག་ཏུ་རྒྱལ་མཚམས་ནས་འགྲོ་འོང་གི་མཐའ་སྲུང་ཞིབ་བཤེར་འགྲོ་ལུགས་གཉེར་བའི་རེ་བ་ཞུ་ཆོག་པ་བཅས་རེད།