འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་1ཉིན།

༄༅།།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་དང་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་དང་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་སུ་ཕྱིན་ཡོད”ཅེས་ཅི་པོའུ་ཐིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲུའོ་རུའེ་ཧྲེང་གིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་གསུངས།
        ཀྲུའོ་རུའེ་ཧྲེང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དེ་མྱུར་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་བས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲུབ་འབྲས་མངོན་གསལ་དོད་དུ་སོང་ཡོད། གླེང་སྟེགས་ཐོག་མར་གཉེར་སྐབས་ཀྱི་2000ལོ་ནས་2017ལོར་བར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་100ནས་ཨ་སྒོར་དུང་ཕྱུར་1700བར་འཕར་ཡོད། ཀྲུང་གོ་འདི་ཉིད་ལོ་9བསྟུད་མར་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དེ་ལྷོ་ལྷོ་མཉམ་ལས་ཀྱི་མིག་དཔེ་ཞིག་རེད་ཅེས་བཤད་རིན་ཡོད་པ་མ་ཟད། རྒྱལ་སྤྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་ཅེས་གསུངས།
         ཀྲུའོ་རུའེ་ཧྲེང་གིས་འདི་ལོའི་ཟླ་7པའི་ཟླ་སྟོད་དུ་ཚོང་འགུགས་ཅུས་ཚོགས་པས་གཙོ་ཁྲིད་བྱས་ནས་འཛུགས་སྐྲུན་བྱས་པའི་ཅི་པོའུ་ཐི་རྒྱལ་སྤྱིའི་རང་མོས་ཉོ་ཚོང་ཁུལ་དུ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཁེ་ལས་20ལྷག་ཙམ་གྱིས་གླིང་ཁུལ་ནང་ཞུགས་རྒྱུའི་འདོད་མཐུན་ཡི་གེར་མིང་རྟགས་བཀོད་ཡོད་ཅེས་གསུངས་པ་དང། ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་ཡིས་རང་མོས་ཉོ་ཚོང་ཁུལ་དེས་ཅི་པོའུ་ཐིའི་མི་དམངས་ལ་བདེ་རྩ་བསྐྲུན་པ་དང་། ལས་ཞུགས་གོ་སྐབས་མང་དུ་གཏོང་རྒྱུ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཕྱིར་གཏོང་ལས་སྣོན་ལས་རིགས་ནང་འདྲེན་བྱས་ཏེ་ཅི་པོའུ་ཐིའི་དཔལ་འབྱོར་ལ་རང་བརྟེན་ནུས་པ་མཁོ་འདོན་བྱ་རྒྱུ་རེད་ཅེས་གསུངས།
        ཀྲུའོ་རུའེ་ཧྲེང་གིས་ཀྲུང་གོས་ཅི་པོའུ་ཐི་ཕྱོགས་དང་དམངས་འཚོའི་ཁྱབ་ཁོངས་ཐད་དངོས་སྒྲུབ་མཉམ་ལས་ཧུར་ཐག་བྱ་རྒྱུ་ཡིན། ཨར་ཐ་ཁུལ་སྨན་ཁང་དང་། ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་རྒྱལ་སྒྲོལ་འཐུང་ཆུའི་ལས་གྲྭ། རྨང་གཞིའི་སློབ་གསོའི་སློབ་གྲྭ། བདེ་སྡོད་འགན་ལེན་ཁང་པའི་རྣམ་གྲངས། དཔེ་དེབ་ཡིག་ཚགས་ཁང་སོགས་ཀྱི་རྣམ་གྲངས་ལེགས་སྒྲུབ་ཟིན་པའམ་ཡང་ན་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། རྣམ་གྲངས་དེ་དག་གིས་ཅི་པོའུ་ཐིའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བཏོད་དེ་རྒྱལ་ཁབ་གཉིས་པོ་དམངས་སེམས་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་གསུངས།
        ཀྲུའོ་རུའེ་ཧྲེང་གིས་ཀྲུང་ཅི་རྒྱལ་ཁབ་གཉིས་ཀྱིས་ཅི་པོའུ་ཐི་ཕྱོགས་ཀྱི“སྟོབས་ཤུགས་དངོས”དང་མཉམ་ལས་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་སློབ་གསོ་དང་གསོ་སྦྱོང་སོགས་ཅི་པོའུ་ཐི་ཕྱོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི“འཇམ་ཤུགས”མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་ཡང་བྱས་ཡོད། 2017ལོར་ཀྲུང་གོ་སྲིད་གཞུང་གིས་ཅི་པོའུ་ཐི་ཕྱོགས་ལ་དུས་ཐུང་དང་དུས་འབྲིང་གི་གསོ་སྦྱོང་རྣམ་གྲངས་མཁོ་འདོན་བྱས་པའི་ནང་དོན་ཤང་ཞིང་ལས་ལག་རྩལ་དང་། གྲུ་ཁ་གཉེར་སྐྱོང་དོ་དམ། དབུལ་ཕོངས་ཉུང་གཏོང་སོགས་ཁྱབ་ཁོངས་ཚུད་ཡོད་ཅེས་གསུངས།
       ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་། ཀྲུང་གོ་དང་ཅི་པོའུ་ཐི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཕྱིན་པའི་གལ་ཆེའི་དུས་སུ་ཅི་པོའུ་ཐིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞིག་ཡིན་པའི་ཀྲུའོ་རུའེ་ཧྲེང་ལ་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་གལ་ཆེན་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་བ་དང་། ཁོང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་དེ་གོ་སྐབས་སུ་བྱས་ནས་ཅི་པོའུ་ཐི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།