འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་1ཉིན།

༄༅།།ཀྲུང་གོ་དང་ཨ་རིའི་མཁས་དབང་གིས་དུས་སྐབས་གསར་པའི་དངུལ་རྩའི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་གྲོས་བསྡུར་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་རིག་པ་མཁས་ཅན་གྱི་དངུལ་རྩའི་ཚན་རྩལ་གསར་གཏོད་གླེང་སྟེགས་སྐབས་གསུམ་པ་དེ་ཚེས་28ཉིན་ཨ་རིའི་སི་ཐན་ཕུའུ་སློབ་ཆེན་དུ་གཉེར་ཞིང་། དེའི་དམིགས་ཡུལ་ནི་དངུལ་རྩའི་ཚན་རྩལ་ཞིབ་འཇུག་དང་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཨ་རིའི་ལས་རིགས་དབར་སྦྲེལ་མཐུད་དང་སྤེལ་རེས་ལ་ཤུགས་སྣོན་རྒྱུག་རྒྱུ་དེ་རེད།
         ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་དངུལ་རྩའི་ལས་རིགས་དང་། ཚན་རྩལ་ལས་རིགས། ཁེ་ལས་ལས་རིགས། རིག་གཞུང་ལས་རིགས་བཅས་ཀྱི་འཐུས་མི་300ཙམ་གླེང་སྟེགས་ནང་ཞུགས་ནས། མིག་སྔའི་འཛམ་གླིང་དངུལ་རྩའི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་སོགས་ཐད་ལ་སྤེལ་རེས་ཟབ་མོ་བྱས་པ་རེད།
        ནོ་པེར་དངོས་ཁམས་རིག་པའི་བྱ་དགའ་ཐོབ་མཁན་ཤེར་ཏེང·ཀེ་ལ་ཤའོ་ཡིས་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་མཚོན་རྟགས་རང་བཞིན་གྱི་ཚན་རྩལ་གསར་བརྗེ་ཐེངས་ཁ་ཤས་ཀྱི་སྐོར་རྒྱས་བཤད་གནང་བ་དང་སྦྲགས་གོ་ལ་ཧྲིལ་པོའི་ཚན་རྩལ་དང་དངུལ་རྩ་དང་། གསར་གཏོད་དང་དངུལ་རྩ། དངོས་ཚན་དང་དངུལ་རྩ་བཅས་ཟུང་འབྲེལ་དམ་ཟབ་ཀྱི་གྲུབ་འབྲས་ལག་ལེན་ལ་གྲོས་བསྡུར་བྱས་པ་རེད།
        ལྷོ་ནུབ་ནོར་དཔལ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དབྱི་ཆིང་ཧྲོང་གིས་དངུལ་རྩའི་ཚན་རྩལ་ནི་རལ་གྲི་དངོ་གཉིས་མ་ཞིག་ཡིན་པ་དང་། བཅའ་ཁྲིམས་ཀྱི་གཅུན་འདོམས་དང་། སྲིད་འཛིན་གྱི་ལྟ་འདོམས། ལས་རིགས་ཀྱི་རང་གཅུན། སྒྲིག་གཞིའི་ནང་ངོས་ཚོད་འཛིན། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ཕྱོགས་ལྔ་གཞི་གཅིག་གི་རིམ་པ་མང་པོའི་བཅོས་སྒྲིག་མ་ལག་ཞིག་ཡོད་དགོས། དངུལ་རྩའི་ཚན་རྩལ་གྱི་གསར་སྤེལ་དང་ཐུན་མོང་བཅོས་སྒྲིག་ཐད་རྒྱ་ཆེའི་རྒྱལ་སྤྱིའི་མཉམ་ལས་མཁོ་བས་ཀྲུང་གོ་དང་ཨ་རིས་མཉམ་དུ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་དངུལ་རྩའི་ཚན་རྩལ་གྱི་རིག་ཚན་མང་པོ་དང་རྒྱལ་ཁབ་མང་པོ་དང་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།