འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་30ཉིན།

༄༅།།རང་རྒྱལ་གྱིས་2018ལོའི་ལོ་མཇུག་ཏུ་རྫོང(ཆུས)85%ཡི་འོས་འགན་སློབ་གསོ་གཞི་རྩའི་
ཐོག་དོ་སྙོམས་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་30ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན་སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བའི་ལས་ཀའི་གནས་ཚུལ་སྙན་སྒྲོན་ཞུ་སྐབས་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཐོག་དོ་སྙོམས་ཡོང་བའི་ཐད་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་ངོས་འཛིན་ལས་དོན་མུ་མཐུད་སྤེལ་ཏེ་2018ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་རྫོང(ཆུས)85%གཞི་རྩའི་ཐོག་དོ་སྙོམས་ཡོང་བ་བྱ་རྒྱུ་དང་2020ལོར་སླེབས་སྐབས་བསྡུར་ཚད་དེ་95%ཟིན་པ་བྱ་རྒྱུ། སྐབས་འདིའི་སྲིད་གཞུང་གི་འགན་འཁུར་ཡུན་ནང་ཕྱོགས་ཡོངས་ནས་གཞི་རྩའི་ཐོག་དོ་སྙོམས་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
         ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་གྲོང་གསེབ་ཀྱི་སློབ་གསོའི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་བརྒྱབ་ནས“གྲོང་གསེབ་ཉམས་ཞན”གྱི་གནད་དོན་ཐག་གཅོད་བྱས་ཡོད། སྙན་སྒྲོན་ནང་2017ལོར་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་ཐད་གྲོན་དངུལ་སྒོར་དུང་ཕྱུར་ཁྲི་3.42བཏང་བའི་ཁྲོད་53%འོས་འགན་སློབ་གསོའི་ཐད་སྤྱད་ཡོད། ཀྲུང་དབྱང་ནོར་སྲིད་ཀྱི་སློབ་གསོའི་ཕྱོགས་སྒྱུར་གཏོང་སྤྲོད་དེ་2016ལོའི་སྒོར་དུང་ཕྱུར་2817ནས་2018ལོའི་སྒོར་དུང་ཕྱུར་3067བར་འཕར་བ་དང་80%དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་དང་ས་ཁུལ་དབུལ་པོར་སྤྱད་པ་དང་བཞི་ཆ་གཅིག་ཙམ་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་མི་རིགས་ས་ཁུལ་ལ་སྤྱད་ཡོད། གྲོང་གསེབ་ཀྱི་སློབ་ཆུང་དཀྱུས་མ་དང་དམའ་རིམ་སློབ་འབྲིང་གི་སློབ་མ་རེར་ཆ་སྙོམས་སློབ་གསོའི་གྲོན་དངུལ་གཏོང་སྤྲོད་བྱེད་ཚད་མྱུར་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་2017ལོར་སྒོར་ཁྲི་1.14དང་སྒོར་ཁྲི་1.55སོ་སོར་ཟིན་ཏེ་2012ལོ་ལས་59.3%དང་61.9%སོ་སོར་འཕར་ཡོད་ཅེས་འཁོད་ཡོད། 
       ས་ཁུལ་དབུལ་པོའི་འོས་འགན་སློབ་གསོ་ཉམས་ཞན་གྱི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་ཆེད། 2016ལོ་ནས་2018ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1059བཏང་ནས་ས་གནས་ཀྱི་མ་འཇོག་སྒོར་དུང་ཕྱུར་2000ལྷག་ཙམ་སྐུལ་ཁྲིད་བྱས་ཡོད་པ་རེད།