འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་30ཉིན།

༄༅།།མཚོ་སྔོན་མུན་ཡོན་ནས་བྲག་བརྐོས་དཔེ་ཆ་ཤེས་རྟོགས་བྱུང་བ།

རིགས་གཅིག་མཁས་ཅན་གྱིས་གང་མགྱོགས་སྲུང་སྐྱོང་བྱེད་དགོས་པའི་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་30ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། ཁང་དེའི་རིག་དངོས་ཞིབ་འཇུག་རིགས་གཅིག་མཁས་ཅན་དང་བཅས་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མུན་ཡོན་ཧུད་རིགས་རང་སྐྱོང་རྫོང་གི་འགག་ལུང་རོང་བྲག་ཕུག་ལྷ་ཁང་དུ་རྟོག་ཞིབ་བྱེད་པར་སྐྱོད་སྐབས། བྲག་བརྐོས་དཔེ་ཆ་གནས་ཡུལ་ཞིག་ཤེས་རྟོགས་བྱུང་བ་ནི་མིག་སྔར་མཚོ་སྔོན་ཞིང་ཆེན་ས་ཁོངས་ནས་ཤེས་རྟོགས་བྱུང་བའི་གཞི་ཁྱོན་ཆེ་ཤོས་དང་སྲུང་སྐྱོང་ལེགས་ཤོས་ཀྱི་བྲག་བརྐོས་དཔེ་ཆ་ཞིག་རེད།
         མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་རིག་དངོས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲང་ཧའེ་མིང་གིས་ངོ་སྤྲོད་བྱས་པར། བྲག་བརྐོས་དཔེ་ཆ་དེ་མུན་ཡོན་རྫོང་ཤར་ཐང་གྲོང་རྡལ་མ་ཏང་གྲོང་ཚོའི་གཞུང་ལམ་འགྲམ་གྱི་བྲག་སྟེང་དུ་ཡོད་ཅིང་། ཤེས་རྟོགས་ཐུབ་སྐབས་མཐུག་ཚད་ལ་ལི་སྨི་10ཙམ་ཡོད་པའི་རྩྭ་ངན་གྱིས་བཀབ་ཡོད་པས་རྙེད་བདེ་པོ་མེད། དཔེ་ཆ་བརྐོས་པའི་བྲག་དེར་རིང་ཚད་ལ་སྨི་2.5ཙམ་དང་མཐོ་ཚད་ལ་སྨི་3ཙམ་ཡོད་པ་དང་བྲག་བརྐོས་དཔེ་ཆ་ལེགས་སྦྱར་གྱི་ཡི་གེ་དང་བོད་ཡིག་གཉིས་ལས་གྲུབ་ཡོད། བྲག་བརྐོས་དཔེ་ཆ་ཤེས་རྟོགས་ཐུབ་པ་ནི་དགའ་འོས་པ་ཞིག་ཡིན་མོད། འོན་ཀྱང་རིག་དངོས་སྲུང་སྐྱོང་ཕྱོགས་ནས་བལྟས་ན་དེའི་རྗེས་མཐུད་སྲུང་སྐྱོང་ལའང་མངོན་མེད་རྐྱེན་ངན་ངེས་ཅན་ཞིག་འཕྲད་རྒྱུ་རེད། ཕྱི་ངོས་ཀྱི་རྩྭ་ངན་ཚང་མ་བཀོག་རྗེས་དཔེ་ཆ་དེ་ཕྱིར་མངོན་པས་རླུང་གིས་ཟད་པ་དང་ཆར་གྱིས་བརླན་པ་དང་མིའི་གཏོར་སྐྱོན་ཕོག་སླ་པོ་ཡོད་པར་བརྟེན། རིགས་གཅིག་མཁས་ཅན་གྱིས་ས་གནས་དེ་གའི་སྲིད་གཞུང་དང་རིག་དངོས་སྡེ་ཚན་ལ་གང་མགྱོགས་བྱེད་ཐབས་སྤྱད་དེ་བྲག་བརྐོས་དཔེ་ཆར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད།
         མུན་ཡོན་རྫོང་རིག་དངོས་སྡེ་ཚན་གྱིས་འཕྲལ་དུ་ར་སྐྱོར་བརྟན་དུ་བཏང་ནས་སྲུང་སྐྱོང་བྱས་ཡོད། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་རིག་དངོས་ཞིབ་འཇུག་རིགས་གཅིག་མཁས་ཅན་གྱིས་བྲག་བརྐོས་དཔེ་ཆར་གསལ་འབྱེད་རགས་ཙམ་བྱས་པ་དང་། རྗེས་མར་བྲག་བརྐོས་པར་ལེན་བྱས་ཏེ་ཞིབ་ཕྲའི་བརྐོས་རྒྱག་ལོ་རབས་དང་། བརྐོས་རྒྱག་སྒྱུ་རྩལ། བོད་བརྒྱུད་ནང་བསྟན་གྱི་དཔེ་ཆའི་ནང་དོན་སོགས་ལ་ཞིབ་འཇུག་ཞིབ་ཕྲ་བྱ་རྒྱུ་མ་ཟད། ད་དུང་ཕྱི་ལོའི་མཚོ་སྔོན་གྱི་བྲག་བརྐོས་རི་མོའི་བརྐོས་རྒྱག་སྒྱུ་རྩལ་འགྲེམས་སྟོན་ཐོག་ཞིབ་འཇུག་གི་གྲུབ་འབྲས་འགྲེམས་སྟོན་བྱ་རྒྱུ་རེད།