འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་29ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གྲུབ་ཆ་སྔར་བས་ལེགས་སྒྲིག་བྱས་ནས་སློབ་གསོའི་
གྲོན་དངུལ་བེད་སྤྱོད་ཕན་འབྲས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་29ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གྲུབ་ཆ་སྔར་བས་ལེགས་སྒྲིག་བྱས་ནས་སློབ་གསོའི་གྲོན་དངུལ་བེད་སྤྱོད་ཕན་འབྲས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
         《བསམ་འཆར་》ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་གཞི་རྩའི་རྒྱལ་བབ་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ཐོག་སློབ་གསོ་བློ་བརྟན་འགྱུར་མེད་ངང་སྔོན་འཇོག་གནས་བབ་ཏུ་བཞག་སྟེ་སློབ་གསོའི་གྲོན་དངུལ་གཏོང་སྤྱོད་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་འཐུས་སྒོ་ཚང་གཏོང་དགོས་པ་དང་། གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་གཙོ་རྐང་དུ་བྱས་ཐོག་གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ལྷུ་ཚིགས་ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། སློབ་གསོ་འཕེལ་རྒྱས་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དྲང་གཞག་དང་སྤུས་ལེགས་ཀྱི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
       《བསམ་འཆར་》ནང་ནན་བཤད་བྱས་དོན། “སྔོན་ལ་འགན་ལེན་དང་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རང་ནུས་གང་ལྕོགས་དང་གང་ཐུབ་ཅི་ཐུབ་བྱེད་པ། སྤྱི་འདོམས་ལྟ་རྟོག་དང་གཙོ་གནད་འབུར་ཐོན། སྒྱུར་བཅོས་ཟབ་གཏོང་དང་ལས་ཕྱོད་ཆེ་རུ་གཏོང་བ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། སློབ་གསོའི་གྲོན་དངུལ་གཏོང་བ་དང་། བེད་སྤྱོད། དོ་དམ་བཅས་བྱེད་པའི་ཐད་བླང་བྱ་ཁ་གསལ་བཏོན་པ་གཤམ་གསལ་ལྟར།
       གཅིག་ནས་སློབ་གསོའི་གྲོན་དངུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ནོར་སྲིད་ཀྱི་གཏོང་ཆ་རྒྱུན་མཐུད་འགན་ལེན་བྱས་ནས་སློབ་མ་ཚང་མར་གྲོན་དངུལ་གཏོང་བའི་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་ཏེ། རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གཏོང་གྲོན་གྱིས་རྒྱལ་ནང་གི་ཐོན་སྐྱེད་བསྡོམས་འབོར་གྱི་4%ལས་མི་དམའ་བ་ཟིན་རྒྱུའི་འགན་ལེན་བྱས་ཏེ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སློབ་གསོའི་གཏོང་ཆ་ལོ་རེ་བཞིན་འཕར་རྒྱུ་ལས་མི་ཆག་པའི་འགན་ལེན་བྱེད་དགོས་པ་མ་ཟད། སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་མི་གྲངས་ཆ་སྙོམས་ལྟར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སློབ་གསོའི་གཏོང་ཆ་ལོ་རེ་བཞིན་འཕར་རྒྱུ་ལས་མི་ཆག་རྒྱུའི་འགན་ལེན་ཡང་བྱེད་དགོས།
       གཉིས་ནས་སློབ་གསོའི་འགྲོ་གྲོན་གཏོང་ཆའི་གྲུབ་ཆ་ལེགས་སུ་གཏོང་དགོས། སློབ་གསོའི་འགྲོ་གྲོན་གཏོང་ཆ་ཚན་རིག་དང་མཐུན་པའི་འཆར་འགོད་དང་དུས་མཚམས་རང་བཞིན་གྱི་དམིགས་ཚད་དང་ལས་འགན་གཏན་འཁེལ་ལུགས་མཐུན་བྱས་ནས་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་ཁྱབ་ཁོངས་རང་དགར་ཆེ་རུ་གཏོང་རྒྱུ་གཏན་འགོག་བྱེད་དགོས། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུ་གཙོ་གནད་ཐོག་འགན་ལེན་བྱས་ཐོག་འོས་འགན་སློབ་གསོ་དེ་སློབ་གསོའི་མ་འཇོག་གི་གལ་ཆེན་ནང་གི་འགངས་ཆེར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས།
        གསུམ་ནས་སློབ་གསོའི་གྲོན་དངུལ་ཚན་རིག་དང་མཐུན་པའི་དོ་དམ་དང་བེད་སྤྱོད་བྱེད་དགོས། དོ་དམ་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས“སུས་བེད་སྤྱོད་བཏང་ན་དེས་འགན་འཁུར་བའི”སློབ་གསོའི་གྲོན་དངུལ་བེད་སྤྱོད་དོ་དམ་གྱི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།