འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་28ཉིན།

༄༅།།ཀྲུང་གོའི་ཚོང་ཟོག་ལ་སྒོ་ཁྲལ་ཐོལ་པ་བསྡུས་པས་ཨ་རིའི་འཛད་སྤྱོད་པར་ཤུགས་རྐྱེན་ཐེབས་སྲིད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཨ་རིའི་རེས་སྐོར་གསར་པའི་ཀྲུང་གོའི་ཚོང་ཟོག་ལ་དམིགས་པའི་སྒོ་ཁྲལ་ཐོལ་པ་བསྡུ་རྒྱུའི་བྱེད་ཐབས་ཀྱིས་ཨ་རི་བའི་རྒྱུན་གཏན་གྱི་འཚོ་བའི་ཕྱོགས་གང་སར་ཤུགས་རྐྱེན་བཟོ་རྒྱུ་ཡིན་པ་དེ་ཨ་རིའི་འཛད་སྤྱོད་པས་གཡོལ་ཐབས་བྲལ་བ་ཞིག་རེད་ཅེས་ཨ་རིའི་སིལ་ཚོང་ལས་རིགས་ཀྱི་འགོ་ཁྲིད་མཐུན་ཚོགས་ཀྱི་འཐུས་མིས་ཝ་ཧྲིང་ཐོན་དུ་འཚོགས་པའི་ཨ་སྒོར་དུང་ཕྱུར་2000གི་ཨ་རིར་ཕྱིར་གཏོང་བྱས་པའི་ཀྲུང་གོའི་ཚོང་ཟོག་ལ་དམིགས་པའི་སྒོ་ཁྲལ་ཐོལ་པ་བསྡུ་རྒྱུའི་དཔང་ཉན་ཚོགས་འདུའི་ཐོག་བརྗོད་པ་རེད།
        ཆུ་ཚོད་ཀྱི་ཐིར་སྒྲ་གྲགས་ནས་ལངས་སྐབས་སྐེད་པ་དང་སྒལ་པ་ན་བའི་ཚོར་སྣང་ཞིག་བྱུང་ནས་འབོལ་གདན་ཞིག་བརྗེ་དགོས་བསམ་སྐབས། ངེས་པར་དུ་དུས་ཚོད་དམ་འཛིན་གྱིས་ཉོ་དགོས། གང་ལགས་ཤེ་ན་འཆར་འགོད་བྱས་པའི“301བརྟག་དཔྱད”ཀྱི་སྒོ་ཁྲལ་གསར་པའི་རྩིས་ཐོར་གཞིགས་ན་འབོལ་གདན་ལ་སྒོ་ཁྲལ་ཐོལ་པ་བསྡུ་རྒྱུ་རེད།
        ཁྱེད་ཀྱིས་གློག་སྤོར་སྐབས་ཤེལ་ཏོག་འཕྲོ་བརླག་ཕྱིན་ནས་བརྗེ་དགོས་བསམ་སྐབས་མགྱོགས་མྱུར་ཉོ་དགོས། གང་ལགས་ཤེ་ན། ཨ་རིའི་འཛད་སྤྱོད་པས་ཀྲུང་གོའི་ལན་པར་གྱི་སྤུས་ལེགས་གོང་ཁེའི་ཤེལ་ཏོག་རིགས་ཀྱི་ཐོན་རྫས་ཕལ་ཆེ་བ་ཉོ་ཐབས་བྲལ་ཡོད།
       ཁྱེད་ཀྱིས་འཁྲུས་ཁང་ལ་གདོང་འཁྲུད་སྐབས་ལག་པས་རེག་ཐུབ་པའི་ཡི་ཙི་དང་། གློག་སྒུལ་བཞར་གྲི སྐྲ་འཁྲུད་ཆས་སོགས་ཚུད་པའི་དངོས་པོ་ཚང་མའི་གོང་སྔར་བས་མཐོ་རུ་འགྲོ་སྲིད།
        བྲེལ་འཚུབ་ཆེ་བའི་ཉིན་གཅིག་གི་ལས་ཀ་མཇུག་འགྲིལ་ནས་དགོང་ཟས་ཞིམ་པོ་ཞིག་བཟོ་སྐབས་སྤྱོད་པའི་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཆུའི(མཚོ)ཐོན་རྫས་ཀྱི་གོང་ཡང་སྔར་བས་མཐོ་རུ་འགྲོ་སྲིད།
       ཚེས་24ཉིན། ཨ་རིའི་ཚོང་དོན་འཐུས་མི་གཞུང་ལས་ཁང་གིས་འཚོགས་པའི་ཨ་སྒོར་དུང་ཕྱུར་2000གི་ཨ་རིར་ཕྱིར་གཏོང་བྱས་པའི་ཀྲུང་གོའི་ཚོང་ཟོག་ལ་དམིགས་པའི་སྒོ་ཁྲལ་ཐོལ་པ་བསྡུ་རྒྱུའི་དཔང་ཉན་ཚོགས་འདུའི་ཉིན་ལྔ་པ་དེར་ཨ་རིའི་སིལ་ཚོང་ལས་རིགས་ཀྱི་འགོ་ཁྲིད་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་ཚོང་དོན་གྱི་འགན་འཁུར་མཁན་ཀྲུའུ་ཞི་གཞོན་པ་ཀུའོ་ཧུང་གིས་མཐུན་ཚོགས་དེའི་ཁོངས་མི་ཡོངས་ཀྱི་མངགས་བཅོལ་ལྟར་དག་འབུད་ཀྱི་ལམ་བུར་སླར་ཡང་བསྐྱོད་པ་རེད།
     སྐར་མ་ལྔའི་གཏན་འབེབས་དུས་ཡུན་ནང་ཀུའོ་ཧུང་གིས་གསོན་ཉམས་དོད་པའི་སྐད་ཆས་ཞོགས་པ་ནས་དགོང་མོའི་བར་གྱི་འཚོ་བ་བརྒྱུད་སྒོ་ཁྲལ་ཐོལ་པ་བསྡུས་ཚེ་ཨ་རིའི་འཛད་སྤྱོད་པའི་རྒྱུན་གཏན་འཚོ་བར་བཟོས་པའི་ཤུགས་རྐྱེན་དག་བཤད་པ་རེད།
       “ཀྲུང་གོའི་ཚོང་ཟོག་ལ་དམིགས་པའི་རེས་སྐོར་གསར་པའི་སྒོ་ཁྲལ་ཐོལ་པ་བསྡུ་རྒྱུའི་བྱེད་ཐབས་འདི་ང་ཚོའི་མཐུན་ཚོགས་ཀྱི་སིལ་ཚོང་ཚོང་པ་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཞིག་རེད”ཀུའོ་ཧུང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་སྒོ་ཁྲལ་ཐོལ་པ་བསྡུ་བའི་བྱེད་ཐབས་འདི་བློ་གྲོས་དང་ལྡན་པའི་བྱེད་ཐབས་ཤིག་མིན་པས། ཨ་རི་སྲིད་གཞུང་གིས་འཛད་སྤྱོད་པར་རྒྱུན་གཏན་མཁོ་བའི་ཚོང་ཟོག་650ལྷག་ཙམ་དང་འབྲེལ་བ་རྩིས་ཐོའི་ནང་ནས་འདོན་རྒྱུའི་རེ་བ་ཡོད་ཅེས་བརྗོད།
      དཔང་ཉན་ཚོགས་འདུའི་ཐོག་གི་ཚོང་དོན་དཔོན་རིགས་རྣམས་ལ་མྱོང་བ་གཅིག་པ་ཡོང་ཆེད། ཀུའོ་ཧུང་གིས་ཉིན་དེར་ཆེད་མངགས་ཐོན་རྫས་སི་ར་གང་ཁྱེར་ཏེ་རེ་རེ་བཞིན་བཏོན་ནས་འགྲེལ་བཤད་བརྒྱབ། ཁོང་གིས་ཚོང་ཟོག་འདི་དག་ནི་སྒོ་རྩིས་ཚོང་ཁང་ནས་ཉོས་མ་ཐག་ཡིན། ཉི་ཞྭ་དང་། སོ་སྨན། སོས་ཉར་འགྱིག་སྲབ། ཡིག་ཁུག་སོགས་རིགས་བཅུ་གྲངས་སྒོ་ཁྲལ་ཐོལ་པ་བསྡུ་རྒྱུའི་རྩིས་ཐོའི་ནང་བཅུག་པའི་ཨ་རིར་ཕྱིར་གཏོང་བྱེད་པའི་ཀྲུང་གོའི་ཚོང་ཟོག་རེད་ཅེས་བཤད།
      “གལ་སྲིད་ཁྱེད་ལ་ཕྲུ་གུ་ཡོད་ཚེ་ཕྲུ་གུ་དམར་འབྱར་གྱི་ཉལ་ཁྲི་དང་བདེ་འཇགས་རྐུབ་བཀྱག་ལའང་སྒོ་ཁྲལ་ཐོལ་པ་བསྡུ་རྒྱུ་རེད་འདུག”ཅེས་ཀུའོ་ཧུང་གིས་དཔང་ཉན་ཚོགས་འདུའི་མྱོང་ཚོར་ལྷུག་པོར་གླེང་། ཕྲུ་གུ་ཚོའི་དཔེ་ཁུག་དང་ཐ་ན་ཤོག་བུ་དང་། མཐེ་གཟེར། འབྱར་རྩི། སྟབས་བདེའི་འབྲི་ཤོག་སོགས་ཡིག་ཆས་ཆ་ཚང་གི་སྒོ་ཁྲལ་ཡང་ཐོལ་པ་བསྡུ་རྒྱུ་རེད་འདུག “301བརྟག་དཔྱད”ཀྱི་སྒོ་ཁྲལ་ཐོལ་པ་བསྡུ་བའི་རྩིས་ཐོ་འདི“འབྱར་རྩི་ལྡན་པའི་ཤོག་བུ་ལྟར་ལུས་ལ་སྦྱར་ནས”གཡོལ་ཐབས་བྲལ་བ་ཞིག་རེད།
     ཀུའོ་ཧུང་གིས“301བརྟག་དཔྱད”ཀྱི་རེས་འཁོར་གསར་པ་རྗེས་མའི་སྒོ་ཁྲལ་ཐོལ་པ་བསྡུ་བའི་བྱེད་ཐབས་ལག་ལེན་བསྟར་ན་ཨ་རི་བའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཤུགས་རྐྱེན་བཟོས་ནས་ཡོང་འབབ་འབྲིང་དམའི་ཁྱིམ་ཚང་གི་འཁུར་པོ་ལྕི་རུ་འགྲོ་རྒྱུ་ཡིན་པ་སྨོས་མེད་རེད་ཅེས་བཤད།
     “སྒོ་ཁྲལ་ཐོལ་པ་བསྡུས་རྗེས་ཤུགས་རྐྱེན་ཆེ་ཤོས་ཕོག་མཁན་ནི་ཨ་རིའི་ཁྱིམ་ཚང་དང་འཛད་སྤྱོད་པ་རེད” ཁོང་གིས་དཔང་ཉན་ཚོགས་འདུའི་ཐོག་ཨ་རི་སྲིད་གཞུང་གི་དཔོན་རིགས་ལ“ང་ཚོས་སྲིད་གཞུང་གིས་སླར་ཡང་སྒོ་ཁྲལ་ཐོལ་པ་མི་བསྡུ་བར་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱ་རྒྱུའི་གྲོས་འགོ་དྲག་པོ་བཏོན་ཡོད”ཅེས་བཤད།
     ཨ་རིའི་ཚོང་དོན་འཐུས་མིའི་གཞུང་ལས་ཁང་གིས་ཚེས་20ཉིན་ནས་བཟུང་ཀྲུང་གོའི་ཚོང་ཟོག་ལ་དམིགས་པའི་སྒོ་ཁྲལ་ཐོལ་པ་བསྡུ་བའི་སྲིད་ཇུས་ཀྱི་རིམ་སྤེལ་དཔང་ཉན་ཚོགས་འདུ་ཉིན་དྲུག་འཚོགས་ཡོད། ཚེས་24ཉིན་སིལ་ཚོང་ལས་རིགས་ཀྱི་འཐུས་མི་མང་པོ་ཞིག་དཔང་ཉན་ཚོགས་འདུར་ཞུགས་ནས་ཁོང་ཚོས་ལས་རིགས་དེའི་ཐོན་རྫས་ཀྱི་སྒོ་ཁྲལ་ཐོལ་པ་བསྡུ་བའི་རྩིས་ཐོ་མེད་པར་བཟོ་རྒྱུའི་རེ་འབོད་ཤུགས་ཆེན་བྱས་ཏེ་ལས་རིགས་དེའི་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཐོན་རྫས་དེ་ཨ་རིས་སྤེལ་བའི“301བརྟག་དཔྱད”དང་འབྲེལ་བ་མེད་པ་མ་ཟད། ཁོང་ཚོར་ཚོང་ཟོག་མཁོ་སྤྲོད་བྱེད་མཁན་ཀྲུང་གོའི་ཚོང་པ་ཚོང་པ་གཞན་གྱིས་ཚབ་བྱེད་མི་ཐུབ་ཅེས་ནན་བཤད་བྱས་པ་རེད།