འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་28ཉིན།

༄༅།།ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་གྱི་དུས་བབ་སྐོར་གྱི་གསར་འགོད་པའི་འདྲི་བར་ལན་བསྐྱོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་25ཉིན།ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འདྲི་བར་ལན་བསྐྱོན་སྐབས། ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན། འབྲེལ་ཡོད་ཕྱོགས་ཁག་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་བྱས་ཏེ་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པའི་དམིགས་ཚད་དང་ཨེ་ཤེ་ཡ་བྱང་ཤར་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས།
       གསར་འགོད་པས། ཨ་རི་ཕྱོགས་ཀྱིས་ཉེ་ཆར་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐད་ལ་འཛིན་པའི་ཀྲུང་གོ་ཕྱོགས་ཀྱི་རྣམ་འགྱུར་ལ་འགྱུར་ལྡོག་ཅུང་ཕྱིན་པ་དེས་ཨ་རི་དང་ཁྲའོ་ཞན་དབར་གྲོས་མོལ་བརྒྱུད་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་ཤུགས་རྐྱེན་ཕོག་ཡོད་ཅེས་བཤད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་འདྲི་སྐབས།
       ལུའུ་ཁང་གིས། ཨ་རི་ཕྱོགས་ཀྱི་སྐད་ཆ་འདི་ནི་གཞི་རྩའི་དོན་དངོས་དང་འགལ་བས་དེ་ནི་འགན་མ་འཁུར་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་གནད་དོན་དེར་གལ་ཆེའི་དོ་ཁུར་བྱ་རྒྱུ་མ་ཟད། ཨ་རི་ཕྱོགས་ལ་དྲང་ནན་གྱི་སྐད་ཆ་ནན་པོའང་ཤོད་རྒྱུ་ཡིན་ཞེས་གསུངས།
       “ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན། ང་ཚོས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་མངོན་འགྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་མཐའ་འཁྱོངས་བཅས་བྱ་རྒྱུ་ཡིན”ཞེས་ལུའུ་ཁང་གིས་གསུངས།
        ཁོང་གིས་ལོ་མང་རིང་ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་འོས་འཚམ་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱས་པ་དང་། གལ་འགངས་ཆེ་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁྲའོ་ཞན་དང་འབྲེལ་བ་ཡོད་པའི་གྲོས་ཆོད་ཕྱོགས་ཡོངས་ནས་ལག་བསྟར་ནན་པོ་བྱེད་ཀྱི་ཡོད་པ་དེ་དག་ཐམས་ཅད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་གསལ་རེད་ཅེས་གསུངས།
       “ང་ཚོས་ཨ་རི་དང་ཁྲའོ་ཞན་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་སིང་ཀ་ཕོར་ཞལ་འཛོམས་གནང་ནས་ངོས་འཛིན་གཅིག་མཐུན་བྱུང་བར་གཞིགས་ཏེ་ཆབ་སྲིད་ཀྱི་ཐོག་ནས་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ད་ཆའི་གནད་དོན་ནི་འབྲེལ་ཡོད་ཕྱོགས་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་འབྲེལ་གཏུག་དང་གྲོས་མོལ་ཧུར་ཐག་བྱེད་པ་དང་། ཕན་ཚུན་གྱི་ལུགས་མཐུན་དོ་ཁུར་ལ་ལྟ་རྟོག་བྱས་ནས་དེ་བས་མང་བའི་ལྷག་བསམ་ཟོལ་མེད་དང་བབ་བསྟུན་རང་བཞིན་མངོན་པར་བྱེད་པ་ལས་ཡང་སྐོར་བསྐྱར་སྐོར་བྱས་ནས་རང་སྐྱོན་གཞན་དཀྲི་བྱ་རྒྱུ་དེ་མིན། དེ་ལྟར་བྱས་ན་གཞི་ནས་ཆབ་སྲིད་ཀྱི་ཐོག་ནས་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་པའི་འཕེལ་རིམ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་ཐུབ”ཅེས་ལུའུ་ཁང་གིས་གསུངས།
       ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་འབྲེལ་ཡོད་ཕྱོགས་ཁག་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པའི་དམིགས་ཚད་དང་ཨེ་ཤེ་ཡ་བྱང་ཤར་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས།