འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་27ཉིན།

༄༅།།སློབ་གསོ་པུས་2018ལོའི་ལོ་མཇུག་གོང་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཚང་མའི་དག་ཐེར་
ལེགས་སྒྲུབ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་27ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་23ཉིན། སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་ལུའེ་ཡུས་ཀང་གིས་ཟླ་8ཚེས་20ཉིན་བར་རྒྱལ་ཡོངས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཁྲི་38.2ལ་གྲལ་བཤེར་བྱས་པའི་ཁྲོད་སྒྲིག་གཞི་ཁྲི་25.9ལ་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་དང་སྒྲིག་གཞི་ཁྲི་4.5ལ་དག་ཐེར་བྱས་པ་རེད། ལོ་སྨད་དུ་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དག་ཐེར་ལ་སྐུལ་འདེད་དང་ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་2018ལོའི་ལོ་མཇུག་གོང་གསོ་སྦྱོང་སྒྲིག་གཞི་ཚང་མའི་དག་ཐེར་ལས་དོན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།
     ད་ཕན་ལོ་ཤས་རིང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཁག་གཅིག་གིས་སློབ་གསོའི་སློབ་ཁྲིད་ཆོས་ཉིད་དང་བྱང་ཚད་སློབ་གསོའི་བླང་བྱ་དང་འགལ་བའི“ཡིག་རྒྱུགས་སྤྲོད་པའི”གསོ་སྦྱོང་བྱས་ནས་སློབ་གྲྭའི་རྒྱུན་གཏན་སློབ་གསོ་སློབ་ཁྲིད་དང་སློབ་བསྡུ་སློབ་ཞུགས་ཀྱི་སྒྲིག་ལམ་ལ་འགོག་རྐྱེན་བཟོས་ཏེ་སློབ་མའི་སློབ་ཕྱིའི་འཁུར་པོ་ལྕི་རུ་བཏང་ཡོད།
       འདི་ལོའི་ཟླ་2པར་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བརྡ་ཐོ་བཀྲམ་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་བཅོས་སྒྲིག་གི་གཙོ་གནད་དང་བཅོས་སྒྲིག་གོ་རིམ་ཁ་གསལ་བཟོས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་དོན་ཐིང་གིས་《སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་འཕེལ་རྒྱས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་འཕེལ་རྒྱས་ཚད་ལྡན་དུ་གཏོང་བའི་སྤྱིའི་ལམ་ལུགས་ཀྱི་སྒྲོམ་གཞི་བཟོས་ཡོད།
      ཚེས་23ཉིན། སློབ་གསོ་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ལུའེ་ཡུས་ཀང་གིས་ས་གནས་ཁག་གིས་བསམ་འཆར་དེ་གཞི་འཛིན་སར་བྱས་ཏེ་ས་གནས་དེ་གའི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་བཀོད་སྒྲིག་ཚད་གཞི་མགྱོགས་མྱུར་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་དག་ཐེར་ལས་དོན་ཏན་ཏིག་སྤེལ་རྒྱུར་གཞི་རྩའི་ཚད་གཞིའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཚང་མར་དམིགས་ནས་ཚད་གཞི་ལྟར་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། གནད་དོན་ཁ་གསལ་དུ་གཏོང་བ། དག་ཐེར་རྩིས་ཁྲ་རེ་རེ་བཞིན་བཟོ་བ། དག་ཐེར་དུས་ཚོད་རེའུ་མིག་དང་། ལམ་ཐིག་དཔེ་རིས། ལས་འགན་ཡི་གེ་བཅས་ཁ་གསལ་བཟོས་ནས་གསོ་སྦྱོང་སྒྲིག་གཞིར་ཚད་གཞི་ལྟར་རིམ་གྱིས་དག་ཐེར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     “ཆུ་ཚོད་གསུམ་དང་ཕྱེད་ཀའི་དཀའ་གནད”ཐག་གཅོད་བྱས་ནས་ཁྱིམ་བདག་གི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་ཆེད། སློབ་གསོ་པུས་ད་དུང་ས་གནས་ཁག་ཏུ་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱེད་པ་དང་། སློབ་མས་རང་མོས་དང་། སྤྱི་ཕན་ཡོངས་ཕན། མ་གནས་འགན་བགོས། ལུགས་མཐུན་གླ་ལེན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། སློབ་གྲྭ་འབྲིང་ཆུང་དུ་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་ལས་དོན་ཡོངས་ཁྱབ་ངང་སྤེལ་བ་བཅས་བྱས་ནས་སློབ་ཕྱིའི་གསོ་སྦྱོང་གི་གནོན་ཤུགས་ཞི་ལྷོད་དུ་གཏོང་རྒྱུ་མ་ཟད། ད་དུང་སློབ་གསོ་པུས་སློབ་ཁྲིད་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་གཏོང་བ་དང་། སློབ་གྲྭར་སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། སློབ་ཁྲིད་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ནས་སློབ་ཁང་གི་སློབ་ཁྲིད་ཕན་འབྲས་དང་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།