འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་24ཉིན།

༄༅།།བོད་ལྗོངས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་རིག་དངོས་རྐུ་རྒྱག་གི་གྱོད་གཞི་རབ་དང་རིམ་པ་རྩད་ཆོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་24ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མི་དམངས་ཉེན་རྟོག་པས་ཉིན་ཤས་གོང་བང་སོ་བསྔོགས་བཅོམ་གྱི་ཚོགས་པ་ཞིག་མེད་པ་བཟོས་ཏེ་ཉེས་གསོག་དོགས་ཅན་16འཛིན་བཟུང་བྱས་པ་དང་། རྐུ་ལ་ཤོར་བའི་རིག་དངོས་ཁག་53བདའ་འདེད་བཏང་ཡོད་པ་རེད།
        2018ལོའི་ཟླ་6པར་སྟག་རྩེ་ཆུས་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པར་ཤེས་རྟོགས་བྱུང་གསལ། ཉེས་གསོག་དོགས་ཅན་འགའ་ཤས་ཀྱིས་སྟག་རྩེ་ཆུས་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་ཚོགས་ཆུང་གཉིས་པར་གནས་པའི་བཀྲ་ཤིས་ལྗོངས་དགོན་སྡེའི་རྗེས་ཤུལ་སྔོག་བཞིན་ཡོད་པ་རེད། ཕྱོགས་མང་པོ་ནས་བརྟག་དཔྱད་བྱས་རྗེས་མི་དམངས་ཉེན་རྟོག་པས་ས་གནས་དེ་གའི་ཡུལ་དམག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་དགོན་སྡེའི་རྗེས་ཤུལ་སྔོག་མཁན་ཉེས་གསོག་དོགས་ཅན་ལྷག་ཆེ་གེ་མོ་སོགས་འཛིན་བཟུང་བྱས་པ་རེད།
       བརྟག་དཔྱད་བྱས་པ་བརྒྱུད། 2018ལོའི་ཟླ་6ནས་7པ་བར་ཉེས་གསོག་དོགས་ཅན་ལྷག་ཆེ་གེ་མོ་སོགས་ཀྱིས་སྔ་རྗེས་སུ་པ་ཆེ་གེ་མོ་སོགས་མི་10སྒྲིག་འཛུགས་བྱས་ནས་བཀྲ་ཤིས་ལྗོངས་དགོན་སྡེའི་རྗེས་ཤུལ་དུ་བསྐྱོད་དེ་ལྕགས་རིགས་བརྟག་ཞིབ་ཡོ་བྱད་དང་། འཇོར། ལྕགས་ཁྱེམ་སོགས་ལག་ཆ་འཁྱེར་ནས་སྐུ་བརྙན་སྣ་ཚོགས་དང་ཟངས་ལས་གྲུབ་པའི་རིག་དངོས་སོགས་ཁྱོན་རིག་དངོས་48བརྐུས་རྗེས་ཉེས་གསོག་དོགས་ཅན་ཁྲེན་ཆེ་གེ་མོར་བཙོངས་པ་རེད།
       གྱོད་གཞི་རྩད་གཅོད་བྱེད་རིང་། ཆེད་དམིགས་གྱོད་དོན་ཚོགས་ཆུང་གིས་ཁུངས་སྣེ་བཙལ་ཏེ་བསྟུད་མར་ཉེས་གསོག་དོགས་ཅན་16འཛིན་བཟུང་བྱས་པ་དང་། ཉེས་གསོག་ལས་བྱུང་བའི་རིག་དངོས་གཡོ་འགེབས་བྱས་པའི་གྱོད་གཞི་1དང་གནའ་བོའི་རིག་གནས་གནའ་ཤུལ་གྱི་བང་སོ་བསྔོགས་བཅོམ་གྱི་གྱོད་གཞི་6རྩད་ཆོད་པ་མ་ཟད། རིག་དངོས་53ཚུར་བླངས་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས་4དང་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་རིག་དངོས་9ཡོད་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་15.5ཙམ་ཟིན་ཡོད་པ་རེད།