མི་དམངས་དྲ་བ།

༄༅།།ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་སྡོད་ཁང་སྤྱི་གསོག་
མ་དངུལ་ལེན་པར“ཡིག་ཆ་གང་ཡང་མི་དགོས”ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན།  ཟླ་6ཚེས་29ཉིན་གསར་འགོད་པས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ་དུ། ཟླ་7ཚེས་1ཉིན་ནས་བཟུང་རྒྱལ་ཁབ་ལས་ཁུངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་འགྲོ་ལུགས་སྔར་བས་སྟབས་བདེ་རུ་བཏང་སྟེ་ལས་བཟོ་བས་པེ་ཅིང་ས་ཁུལ་ནས་སྡོད་ཁང་ཉོ་སྐབས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པར“ཡིག་ཆ་གང་ཡང་དགོས་ཀྱི་མེད་པ”རེད།
      ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་བཏང་བའི་བརྡ་ཐོ་གཞིར་བཟུང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བཟོ་བས་པེ་ཅིང་ས་ཁུལ་གྱི་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་(རང་སྡོད་ཚོང་སྒྱུར་སྡོད་ཁང་དང་རིན་གོང་ཚད་བཅད་ཀྱི་ཚོང་སྒྱུར་སྡོད་ཁང་ཚུད་པ)ཉོ་སྐབས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་དགོས་རིགས་《སྡོད་ཁང་སྤྱི་གསོག་མ་དངུལ་འདོན་པའི་ཁས་ལེན་ཡི་གེར་》མིང་རྟགས་འགོད་དགོས་པ་དང་འབྲེལ་ཁང་པ་ཉོས་པའི་གན་རྒྱའི་ཨང་རྟགས་དང་དྲ་ཐོག་ཐོ་འགོད་གསང་ཨང་སོགས་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས། དངུལ་སྤྲོད་ཐེངས་གཅིག་ལ་ཉོས་པའི་ཁང་པ་ཡིན་ཚེ་ཁང་པ་ཉོས་པའི་གན་རྒྱའི་མ་ཡིག་དང་དེ་བཞིན་གན་རྒྱའི་པར་སློག་མ་དགོས་ཀྱི་མེད་པ་དང་། དངུལ་བུན་གཡར་ནས་ཉོས་པའི་ཁང་པ་ཡིན་ཚེ་དངུལ་བུན་གཡར་བའི་གན་རྒྱའི་མ་ཡིག་དང་དེ་བཞིན་གན་རྒྱའི་པར་སློག་མ་དགོས་ཀྱི་མེད།
      བརྡ་ཐོའི་ནང་ད་དུང་ལས་བཟོ་བས་ཁང་པ་ཉོ་སྐབས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་དགོས་ཚེ་རང་ཉིད་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་བཅད་གྲངས་ལ་ཁས་ལེན་བྱས་ཐོག་དཔྱད་གཞིར་འཇོག་པའི་མོས་མཐུན་བྱས་རིགས་ལ་སྡོད་ཁང་ཉོ་མཁན་(བདག་དབང་ཡོད་མཁན)གྱི་གོ་རིམ་གཞིར་བཟུང་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་འགྲོ་ལུགས་གཉེར་མི་དགོས་པའི་གཏན་འབེབས་བྱས་ཡོད།
     ད་ཆ་ལག་ལེན་བསྟར་བཞིན་པའི་གཏན་འབེབས་གཞིར་བཟུང་། ལས་བཟོ་བས་སྡོད་ཁང་ཉོ་སྐབས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་དགོས་ཚེ་སྡོད་ཁང་ཉོ་བའི་གན་རྒྱའི་(གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད་ལག་ཁྱེར)ཐོག་ཐོ་འགོད་མ་བྱས་གོང་གི་སྡོད་ཁང་ཉོ་མཁན་(བདག་དབང་ཡོད་མཁན)གྱིས་སྔོན་དུ་སྤྱི་གསོག་དངུལ་ལེན་པའི་འགྲོ་ལུགས་གཉེར་ནས་རང་གིས་ལེན་རྒྱུའི་དངུལ་གྱི་བཅད་གྲངས་གཏན་འཁེལ་རྗེས་ཁང་པ་གཅིག་ཉོ་མཁན་གྱི་ནང་མི་ཚང་མའི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་བསྡོམས་འབོར་ཁང་པ་ཉོ་བའི་རིན་གོང་ཡོངས་ལས་བརྒལ་མི་རུང་བའི་འགན་ལེན་བྱེད་དགོས། གཏན་འབེབས་དེས་ཨང་རིམ་མཇུག་མ་དང་ལྷག་དོན་དུ་བཟའ་ཚང་གཉིས་ཀ་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་མ་བརྒྱུད་པར་སྤྱི་གསོག་མ་དངུལ་བཅོལ་མཁན་གྱི་ལས་བཟོ་ཡིན་ཕྱིན་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་སྐབས་སྟབས་བདེ་དེ་ཙམ་མེད།
      ལས་བཟོའི་ཁང་ཉོའི་སྤྱི་གསོག་མ་དངུལ་ལེན་པའི་གོ་རིམ་གྱི་ཚད་བཀག་མེད་པ་བཟོས་རྗེས་ལས་བཟོས་ལེན་པའི་དངུལ་གྱི་བཅད་གྲངས་ལ་ཁས་ལེན་བྱས་པ་མ་ཟད། དཔྱད་གཞིར་འཇོག་པའི་མོས་མཐུན་བྱས་རིགས་ཀྱིས་ཁང་པ་ཉོ་མཁན་གྱི་གོ་རིམ་གཞིར་བཟུང་དངུལ་ལེན་པའི་འགྲོ་ལུགས་གཉེར་མི་དགོས་པར་བཟའ་ཚང་གཉིས་ཀྱིས་ཁང་པ་ཉོ་བའི་རིན་གོང་ཡོངས་ཀྱི་ཁྱབ་ཁོངས་སུ་རང་དགར་དངུལ་ལེན་པའི་བཅད་གྲངས་གཏན་འཁེལ་བྱ་ཆོག ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་དུས་བཀག་བཞིན་ལས་བཟོའི་དངུལ་ལེན་པའི་ཆ་འཕྲིན་ལ་ཞིབ་བསྡུར་བྱས་ཏེ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་འགལ་ངང་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་མཁན་ལས་བཟོར་མ་དངུལ་འདོན་མཚམས་འཇོག་བཞག་ནས་དེར་གཏན་འབེབས་དུས་བཀག་ནང་སྒྲིག་འགལ་ངང་བཏོན་པའི་དངུལ་བསློག་རྒྱུའི་རེ་བ་འདོན་དགོས་པ་མ་ཟད། འབྲེལ་ཡོད་ཡིག་ཆ་ཡིད་རྟོན་མ་ལག་ནང་འཇུག་དགོས།
      ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྒྱལ་ཁབ་ལས་ཁུངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་འགྲོ་ལུགས་གཉེར་རྒྱུ་སྟབས་བདེ་རུ་བཏང་བ་དེ་ནི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་ཞབས་ཞུར་གསར་གཏོད་བྱས་པ་ཞིག་ཡིན་པ་དང་དེའི་ནང་ཡིག་ཆ་དང་འགྲོ་ལུགས་མ་གཏོགས་སྟབས་བདེ་རུ་བཏང་མེད། རྒྱལ་ཁབ་ལས་ཁུངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་སྤྱི་གསོག་མ་དངུལ་ལེན་པའི་ཐད་གཞི་རྩ་འགན་ལེན་དང་། དགོས་མཁོ་འགན་ལེན། མཐའ་ཚད་འགན་ལེན་བཅས་ཀྱི་སྲིད་ཇུས་འཕེལ་ཕྱོགས་མཐའ་འཁྱོངས་དང“སྡོད་ཁང་ནི་མི་སྡོད་ས་ཡིན་པ་ལས་ཁེ་བཟང་རག་ཐབས་བྱ་རྒྱུ་མིན་པའི”ངེས་གནས་མཐའ་འཁྱོངས་ཀྱིས་ཉོ་བ་དང་བོགས་གཏོང་མཉམ་སྤྱོད་ཀྱི་སྡོད་ཁང་ལམ་ལུགས་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།