མི་དམངས་དྲ་བ།

༄༅།།རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་དྲག་ཆར་སྔོན་འགོག་ལས་དོན་
བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་བརྡ་ཁྱབ་བཏང་བ་གཞིར་བཟུང་། ཟླ་5ཚེས་31ཉིན་ནས་ཟླ་6ཚེས་2ཉིན་བར་མཁའ་རླུང་དྲོ་གྲང་གི་ཐུན་མོང་ཤུགས་རྐྱེན་ཕོག་པའི་དབང་གིས་ལྷོ་ནུབ་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ནན་བྱང་རྒྱུད་དང་ཤར་རྒྱུད་བཅས་སུ་སྒུལ་སྐྱོད་རང་བཞིན་གྱི་དྲག་ཆར་འབབ་རྒྱུ་རེད། ད་ཐེངས་ཆར་པ་འབབ་ཚད་ཧའོ་སྨི་30ནས་60བར་ཡིན་ཞིང་། དེའི་ནང་ཧུའུ་ནན་བྱང་རྒྱུད་དང་། ཅང་ཤིས་བྱང་རྒྱུད། ཀྲེ་ཅང་ལྷོ་རྒྱུད། ཕུའུ་ཅན་བྱང་རྒྱུད། ཀོང་ཏུང་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཚད་ཧའོ་སྨི་70ནས་130བར་ཡིན་ཞིང་། གཞན་ཡང་ཚེས་30དང་31ཉིན་བོད་ཀྱི་ཤར་ལྷོའི་རྒྱུད་དུ་དྲག་ཆར་འབབ་རྒྱུ་རེད། ཆར་པ་འབབ་ཚད་ཧའོ་སྨི་70ནས་110བར་ཡིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ལས་དོན་ཚོགས་ཆུང་5ཀྲེ་ཅང་དང་། ཕུའུ་ཅན། ཅང་ཤིས། ཧུའུ་ནན། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་བཏང་ནས་ས་གནས་ཀྱིས་དྲག་ཆར་སྔོན་འགོག་ལས་དོན་ཡག་པོར་བསྒྲུབ་རྒྱུར་མཛུབ་ཁྲིད་བྱ་རྒྱུ་རེད།
       རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཀྲེ་ཅང་དང་། ཨན་ཧུའེ། ཕུའུ་ཅན། བོད་ལྗོངས་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་དང་འབྲི་ཆུ་དང་ཀྲུའུ་ཅང་གཙང་པོའི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་ལ་བརྡ་ཐོ་བཏང་ནས་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཞིབ་ཚགས་བྱས་ཏེ་སྔོན་དཔག་སྔོན་བརྡ་དང་། འཕྲལ་སྡོམ་ལས་རེས། ཆ་འཕྲིན་གོང་འབུལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་འབྲུབ་འགོག་འགན་འཁྲི་ཁག་དོན་འཁྱོལ་དང་། ཆུ་བེད་ལས་གྲྭ་ཚན་རིག་དང་མཐུན་པའི་ངང་བཀོད་གཏོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད། གཙང་པོ་འབྲིང་ཆུང་གི་ཆུ་ལོག་སྔོན་འགོག ཆུ་མཛོད་བདེ་འཇགས་ངང་འབྲུབ་ཆུ་རྒྱས་དུས་སྒྲོལ་བ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཉེན་ཡོད་ས་ཁུལ་གྱི་མི་སྣ་དུས་ཐོག་ཏུ་གནས་སྤོ་རུ་བཅུག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།