མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ནས་20ཉིན་བར་ཀྲུང་གོ་གུང་ཁྲན་ཏང་ཀུའེ་ཀྲོའུ་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཀུའེ་དབྱང་དུ་འཚོགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་ཀུའེ་ཀྲོའུ་ཞིང་ཆེན་གྱི་འཐུས་མི་འདེམས་བསྐོ་བྱས་པ་རེད། ཀུའེ་ཀྲོའུ་རུ་འདེམས་བསྐོར་ཞུགས་པའི་ཀྲུང་དབྱང་གིས་མིང་འདོན་གནང་བའི་འཐུས་མིའི་གདམ་བྱའི་འོས་མི་བློ་མཐུན་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིར་བདམས་ཐོན་བྱུང་བ་རེད།
ཚེས་20ཉིན་གྱི་སྔ་དྲོ་ཚོགས་ཆེན་ཐོག་དངོས་སུ་འདེམས་བསྐོ་བྱེད་འགོ་ཚུགས་ཤིང་། ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་འདེམས་བསྐོའི་ནང་འདེམས་ཤོག་ཆ་ཚང་གི་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་འཐུས་མིར་བདམས་ཐོན་བྱུང་ཚུལ་ཁྱབ་བསྒྲགས་བྱེད་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཤུགས་ཆེན་ཡུན་རིང་གྲགས་པ་རེད།
མིག་སྔར་ཀུའེ་ཀྲོའུ་ཞིང་ཆེན་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་དང་དུས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ཅིང་། “ས་ཁུལ་དབུལ་པོའི་མང་ཚོགས་ཐུགས་ལ་འཆང་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་འདེམས་བསྐོའི་ནང་ཞུགས་ཡོད། དེ་ནི་ཀུའེ་ཀྲོའུ་ཡི་རིམ་ཁག་ཏང་རྩ་འཛུགས་ལ་ཡིད་ཆེས་ཆེན་པོ་གནང་བ་ཞིག་དང་། ཞིང་ཆེན་དེ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱི་གཟི་བརྗིད་ཧ་ཅང་ཆེན་པོ་ཞིག ཀུའེ་ཀྲོའུ་ཡི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་ཞིག ཀུའེ་ཀྲོའུ་ཡི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་ལྕག་ཤུགས་ཆེན་གནང་བ་ཞིག་བཅས་རེད”ཅེས་ཏང་ཡོན་ལས་བྱེད་པས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་དང་། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་འདེམས་བསྐོའི་ནང་ཞུགས་པར་ཕེབས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གི་སྤྱོད་ཚུལ་གསར་པའི་གཟུགས་བརྙན་མངོན་ཡོད་ལ་སྟོན་ཕྱོགས་བཟང་པོའང་བཏོད་ཡོད། དེ་ཏང་ཡོན་མང་ཚོགས་དང་སྔར་བས་འབྲེལ་བ་དམ་ཟབ་བྱེད་པ་དང་དུས་སྐབས་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིར་བདམས་ཐོན་བྱུང་བ་ནི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་730ལྷག་ཙམ་གྱི་ཐུན་མོང་གི་བསམ་འདུན་ཡིན་ལ་ཞིང་ཆེན་དེ་ཡོངས་ཀྱི་ཏང་ཡོན་ཁྲི་170ལྷག་ཙམ་གྱི་ཐུན་མོང་གི་རེ་འདུན་ཞིག་ཀྱང་ཡིན། དེ་ཐོག་ནས་ཀུའེ་ཀྲོའུ་ཡི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སེམས་གཏིང་ནས་དགའ་ཞེན་བྱེད་ལུགས་མཚོན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་ལུགས་མཚོན་ཡོད་ཅེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།
ཀུའེ་ཀྲོའུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་པའི་འཐུས་མི་ཀུའེ་དབྱང་གྲོང་ཁྱེར་པའེ་ཡུན་ཆུས་སློབ་འབྲིང་གསུམ་པའི་དགེ་རྒན་ལིའུ་ཧྥང་གིས“སྤྱི་ཁྱབ་ཧྲུའུ་ཅི་འདེམས་ཤོག་ཆ་ཚང་གི་ཐོག་ནས་བདམས་ཐོན་བྱུང་བའི་སྐོར་ཐོས་སྐབས་ང་རང་དགའ་ཚོར་ཆེན་པོ་བྱུང་། དེ་ནི་མི་སེམས་གཏད་ཕྱོགས་དང་ཀུན་གྱིས་རེ་སྒུག་བྱེད་ས་ཞིག་རེད། ང་ནི་ལོང་བ་ཞིག་ཡིན། མིག་གིས་མ་མཐོང་མོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་དབུལ་པོར་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་ངའི་སེམས་ནང་ཚོར་གྱི་འདུག གྲོང་གསེབ་ཀྱི་དགེ་རྒན་དཀྱུས་མ་ཞིག་ཡིན་པའི་ཆ་ནས་ངས་མུ་མཐུད་རང་འཁྲིའི་ལས་དོན་ལེགས་པར་བསྒྲུབས་ནས་གང་ཐུབ་ཅི་ཐུབ་དང་སེམས་རྩ་འཁོལ་བའི་ངང་སློབ་གྲྭ་དང་སྤྱི་ཚོགས་ཀྱི་དྲིན་གཟོ་རྒྱུ་ཡིན”ཞེས་བརྗོད་པ་རེད།
“གྲོང་སྡོད་ལས་བྱེད་པ་དང་གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་པའི་ཆ་ནས་ང་ཚོར་རི་སྟེང་དུ་གནས་པའི་གྲོང་ཚོའི་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཐུབ་པ་བྱེད་རྒྱུའི་ཡིད་ཆེས་ཡོད། ང་ཚོའི་འབད་བརྩོན་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་ཕན་སྲིད་ཇུས་མང་ཚོགས་ཚོའི་དངོས་ཡོད་འཚོ་བའི་ནང་དོན་འཁྱོལ་ཡག་པོ་ཐུབ་པ་བྱེད་རྒྱུ་ཡིན”ཞེས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཀྲུང་ཧྲན་ཆུས་ཏ་དབན་གྲོང་རྡལ་ཧའེ་ཀེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་པོས་དེ་ལྟར་བརྗོད་པ་རེད།
འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་འདེམས་བསྐོའི་ནང་ཞུགས་པར་ཕེབས་པ་དང་འབྲེལ་འདེམས་ཤོག་ཆ་ཚང་གི་ཐོག་ནས་བདམས་ཐོན་བྱུང་བའི་གནས་ཚུལ་ངེས་པར་དུ་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཚོར་བཤད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་སྐུལ་ལྕག་དེ་ལས་སྒྲུབ་ལས་གཏོད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་པ་དང་སེམས་ནུས་གཅིག་སྒྲིལ་དང་དངོས་སྒྲུབ་དཀའ་སྤྱད་ཀྱིས་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།