མི་དམངས་དྲ་བ།

༄༅།།ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཡིས་ནོ་པེར་ཞི་བདེའི་བྱ་དགའ་ཡིས་འཛམ་གླིང་གི་ཞི་བདེར་
ཕན་ཐོགས་ངོ་མ་ཡོང་རེ་བྱེད་བཞིན་ཡོད་ཚུལ་བསྟན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 17:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས། ནོ་པེར་ཞི་བདེའི་བྱ་དགའ་ཡིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཕན་ཐོགས་ངོ་མ་ཡོང་རེ་ཡོད་ལུགས་བསྟན་པ་རེད།
          ཧྭ་ཁྲུན་ཡིང་གིས། ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་བར་ལ་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བ་དང་ནོ་པེར་ཞི་བདེའི་བྱ་དགའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་འདེབས་དུས་གོང་གསལ་ལྟར་བསྟན་པ་རེད།
          ཧྭ་ཁྲུན་དབྱིང་གིས་བསྟན་དོན། 2010ལོའི་ནོ་པེར་ཞི་བདེའི་བྱ་དགའ་གནང་བ་དང་བྱ་དགའ་དེའི་འབྲེལ་ཡོད་དག་དོན་ནི་ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བའི་འབྱུང་རྩ་རེད། སྐུ་ཞབས་ནོ་པེར་གྱི་ཞལ་ཆེམས་ལ་གཞིགས་ན། ནོ་པེར་ཞི་བདེའི་བྱ་དགའ་ནི"མི་རིགས་འཆམ་མཐུན་ཡོང་བར་བྱེད་པ་དང་། རྒྱལ་ཁབ་ཁག་བར་མཛའ་འབྲེལ་གོང་སྤེལ། དམག་མི་ཇེ་ཉུང་དུ་གཏོང་བ་དང་ཞི་བདེ་དྲིལ་སྒྲོག་གི་ཚོགས་འདུ་འཚོགས་པར་སྐུལ་འདེད་ཧུར་ཐག་གནང་མཁན་གྱི་མི་སྣར"གནང་འོས་པ་ཞིག་རེད། འདས་པའི་དུས་ཚོད་ནང་། མི་ཁ་ཤས་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་ཆེད་དུ། ནོ་པེར་ཞི་བདེའི་བྱ་དགའ་དེ་ཀྲུང་གོ་ཁ་བྲལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། ཀྲུང་གོའི་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ནག་ཉེས་མི་སྣར་སྤྲད་པ་འདི་ནི་སྐུ་ཞབས་ནོ་པེར་ལགས་ཀྱི་ཞལ་ཆེམས་དང་ནོ་པེར་ཞི་བདེའི་བྱ་དགའི་དགོངས་དོན་དང་འགལ་ཡོད་པ་མ་ཟད། ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱས་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་གནས་ཚུལ་འདི་ཁ་གསལ་ཞིང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་གཏན་ནས་མི་གཏོང་། གཞན་ཡང་། ནོར་ཝེ་རྒྱལ་ཁབ་ཕྱོགས་ཀྱིས་2010ལོའི་ནོ་པེར་ཞི་བདེའི་བྱ་དགའ་ལིའུ་ཞའོ་པོ་ལ་གནང་བའི་སྐོར་ལ་རྒྱབ་སྐྱོར་བྱེད་མིན་ཐད་ཀྲུང་གོ་ཕྱོགས་ལ་ལྐོག་ཏུ་དགོངས་དག་ཞུས་ཡོད་པ་མ་ཟད། གསང་བའི་དམ་བཅའ་ཡང་བཞག་དོན་སྐོར་ལ། ཧྭ་ཁྲུན་དབྱིང་གིས་ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་སེམས་ཁུར་ངོས་འཛིན་གང་ལེགས་ཐུབ་པ་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་རིགས་སོགས་པའི་ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་དང་སེམས་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་སྐོར་ལ་རྣམ་འགྱུར་གལ་ཆེན་ཁ་གསལ་བཏོན་པ་ནི་ཀྲུང་གོ་དང་ནོར་ཝེ་བར་ཆབ་སྲིད་ཐད་སླར་ཡིད་ཆེས་བྱེད་རེས་དང་། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་བྱེད་པའི་ཆ་རྐྱེན་དགོས་ངེས་འདོན་སྤྲོད་བྱས་པ་ཡིན་ལུགས་བརྗོད་པ་རེད། 
          ཧྭ་ཁྲུན་དབྱིང་གིས"ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་སེམས་ཁུར་བྱེད་ཡུལ་གལ་ཆེན་ལ་ལྟ་རྟོག་ཏན་ཏིག་བྱས་ཕྱིན། ད་གཟོད་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འགྲོ་འོང་དང་ཕན་རེས་མཉམ་ལས་བདེ་བླག་ངང་ཡོང་བའི་འགན་སྲུང་ཐུབ་རྒྱུ་ཡིན་པ་ཀྲུང་གོ་དང་ནོར་ཝེ་ཕྱོགས་གཉིས་ཀ་ངོས་འཛིན་གཅིག་མཐུན་བྱུང་བ་རེད"ཅེས་བརྗོད་པ་རེད།

  
2016-12-01 2016-11-30