མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མུའུ་ཉི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་15ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མུའུ་ཉི་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕ་ནོམ་ཕེན་དུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མུའུ་ཉི་དང་མཇལ་འཛོམས་གནང་བ་རེད།
           ཞིས་ཅིན་ཕིང་གིས་སྔོན་མོའི་ཆུ་ལས་རིང་བའི་ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ནི་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙུང་ལི་ཀྲོའུ་ཨེན་ལའེ་སོགས་ཀྲུང་གོའི་འགོ་ཁྲིད་པ་རྒན་རབས་ཚོ་དང་རྒྱལ་ཡབ་ཤིས་ཧ་ནུའུ་ཁེས་ཐུན་མོང་ཐོག་གསར་གཏོད་དང་སྐྱེད་སྲིང་ཧུར་ཐག་བྱས་པ་ཞིག་རེད། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཡབ་ཤིས་ཧ་ནུའུ་ཁེར་གུས་བཀུར་དང་མོས་གུས་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་ཐོག་སུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་རྒྱལ་ཚང་དབར་གྱི་དམིགས་བསལ་མཛའ་གྲོགས་ལ་གཅེས་སྤྲས་བྱས་ནས་ཁམ་ཕུ་ཁྲེ་དབར་གྱི་འབྲེལ་བ་ལེགས་སུ་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་ཟབ་ཏུ་བཏང་སྟེ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱས་ནས་དེ་བས་ལྷག་པའི་ངང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
          ཤིས་ཧ་མུའུ་ཉིས་ཁམ་ཕུ་ཁྲེའི་རྒྱལ་ཚང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཀྲུའུ་ཞི་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་ཁམ་ཕུ་ཁྲེ་རྒྱལ་ཚང་ལ་བརྩེ་བ་ཟབ་མོ་འཆང་གནང་བ་དང་། ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཤིས་ཧ་མུའུ་ཉིས་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ཀྱི་གྲུབ་འབྲས་ལ་བློ་ཡིད་ཚིམ་པོ་བྱུང་། ད་ཐེངས་ཞིས་ཀྲུའུ་ཞི་འཚམས་འདྲིར་ཕེབས་པ་དེས་རྒྱལ་ཁབ་གཉིས་པོའི་སྔར་ཡོད་ཀྱི་འབྲེལ་བ་བཟང་པོ་ལེགས་སུ་ཕྱིན་ནས། ཕྱོགས་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་ཡིད་ཆེས་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣ་རྒན་གྲས་ཚོས་གཏོད་གནང་བའི་ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་ཡོང་བ་བྱས་ཏེ། ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ལེགས་སུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         མཇལ་འཛོམས་མ་གནང་གོང་། ཞིས་ཅིན་ཕིང་ཤིས་ཧ་མུའུ་ཉིའི་རྒྱལ་པོའི་ཕོ་བྲང་དུ་འཚོག་པའི་ཕེབས་བསུའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།
         ཕེབས་བསུའི་མཛད་སྒོ་མ་འཚོག་གོང་། ཡུལ་དེ་གའི་དམངས་ཚོགས་ཁྲི་ཕྲག་རྒྱལ་པོའི་ཕོ་བྲང་དུ་སྐྱོད་སའི་ཁྲོམ་གཞུང་གི་གཡས་གཡོན་དང་རྒྱལ་པོའི་ཕོ་བྲང་ཕྱིའི་ཐང་ཆེན་ཐོག་འཛོམས་ཤིང་། ཁོང་ཚོས་ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་དང་། འགོ་ཁྲིད་མི་སྣའི་སྐུ་པར། མེ་ཏོག་བཅས་འཁྱེར་ནས་ཀྲུང་གོའི་སྐུ་མགྲོན་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
         ཡུལ་དེ་གའི་དུས་ཚོད་ཆུ་ཚོད་3དང་སྐར་མ་15ཡི་ཐོག་ཞིས་ཅིན་ཕིང་རྒྱལ་པོའི་ཕོ་བྲང་མདུན་གྱི་ཐང་ཆེན་དུ་འབྱོར་བ་རེད། ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མུའུ་ཉིས་རླངས་འཁོར་ཁ་བཀག་སར་ཕེབས་བསུ་ཞུ་བར་ཕེབས་པ་དང་། ཁམ་ཕུ་ཁྲེའི་ན་གཞོན་གྱིས་ཞིས་ཅིན་ཕིང་ལ་བ་སྤུའི་མེ་ཏོག་གི་ཕྱག་གདུབ་ཕུལ་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཟིགས་སྟེགས་ཐོག་ཕེབས་པ་དང་དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་བླངས་པ་རེད། ཞིས་ཅིན་ཕིང་གིས་ཤིས་ཧ་མུའུ་ཉིའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་པ་དང་དེ་རྗེས་ཞིས་ཅིན་ཕིང་གིས་ཁམ་ཕུ་ཁྲེ་ཕྱོགས་ཀྱི་དཔོན་རིགས་གཙོ་གྲས་དང་ཕྱག་བཏང་གནང་བ་དང་། ཤིས་ཧ་མུའུ་ཉིས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་ཞུ་མཁན་ལ་ཕྱག་བཏང་གནང་བ་རེད།

  
2016-10-14