མི་དམངས་དྲ་བ།

༄༅།།《བདེན་འཚོལ་》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་《རྒྱལ་ཡོངས་ཀྱི་ཏང་གི་
སློབ་གྲྭའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་》སྤེལ་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་03ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་1ཉིན་དཔེ་སྐྲུན་བྱས་པའི་《བདེན་འཚོལ་》དུས་དེབ་ཐེངས་9པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་2015ལོའི་ཟླ་12ཚེས་11ཉིན་གནང་བའི་《རྒྱལ་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་》སྤེལ་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་འགག་རྩ་དེ་སྲ་ཞིང་བརྟན་པའི་དད་པ་དང་། སྲ་ཞིང་བརྟན་པའི་དད་སེམས། བཙན་ཞིང་ནན་པའི་སྒྲིག་ཁྲིམས། ནན་ཞིང་ཕོད་པའི་འགན་སེམས་བཅས་ཡོད་པའི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་རྒྱུ་དེ་རེད། ཏང་གི་སློབ་གྲྭས་འགོ་ཁྲིད་ལས་བྱེད་པར་འཚོ་བཅུད་ཀའེ་གསབ་རྒྱུ་དང་རྩ་བ་དང་རྨང་གཞི་བརྟན་གཏོང་གི་ལས་འགན་གལ་ཆེན་འཁུར་ཡོད་པས་ངེས་པར་དུ་ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པའི་ཏང་གི་སློབ་གྲྭའི་ལས་ཀའི་གཞི་རྩའི་རྩ་དོན་དེ་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ལ་སྔར་བས་མཐོང་ཆེན་བྱས་ནས་དུས་བབ་གསར་པའི་འོག་གི་ཏང་གི་སློབ་གྲྭའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཏང་གི་སློབ་གྲྭ་ནི་རང་རེའི་ཏང་གིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་རེད། དུས་བབ་གསར་པའི་འོག་ཏང་གི་སློབ་གྲྭའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་ལས་ཉམས་དམས་སུ་གཏོང་མི་རུང་། ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པ་དང་དེ་ནི་ཏང་གི་སློབ་གྲྭའི་ལས་དོན་གྱི་གཞི་རྩའི་རྩ་དོན་ཞིག་ཡིན་ལ་ཏང་གི་སློབ་གྲྭའི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་བསྲུང་བྱའང་རེད། ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པས་སློབ་ཁྲིད་ཀྱི་བྱེད་སྒོ་མཐའ་དག་དང་། ཚན་ཞིབ་ཀྱི་བྱེད་སྒོ་མཐའ་དག སློབ་གཉེར་གྱི་བྱེད་སྒོ་མཐའ་དག་བཅས་ཚང་མར་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་དང་ཏང་གི་ཆབ་སྲིད་ལམ་ཕྱོགས་བརྩི་སྲུང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་དར་ཆ་དེ་དར་ཆར་བརྩི་བ་དང་། ཏང་གི་སྙིང་སྟོབས་དེ་སྙིང་སྟོབས་ལ་བརྩི་བ། ཏང་གི་འགན་འཁྲི་དེ་འགན་འཁྲིར་བརྩི་བ་བཅས་མཐའ་འཁྱོངས་ཀྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་བཏང་སྟེ་ཏང་ཡོན་ཡིན་ཕྱིན་ཏང་ལ་དགའ་ཞེན་དང་། ཏང་གི་ཆེད་དུ་སྐད་ཆ་ཤོད་པ། ཏང་ལ་སེམས་ཁྲལ་བྱེད་པ། ཏང་གི་ཆེད་དུ་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་མཐར་གཏུགས་ནས་བརྗོད་ན་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དེ་རེད། ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པ་དེས་ཏང་གི་སློབ་གྲྭའི་ལས་དོན་གྱི་གཙོ་གནད་དེ་ངེས་པར་དུ་ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་སློབ་གསོར་དམ་འཛིན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། འགོ་ཁྲིད་ལས་བྱེད་པ་ཏང་གི་སློབ་གྲྭར་སློབ་སྦྱོང་བྱེད་པའི་ལས་འགན་གཙོ་བོ་ནི་ཏང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཏང་གཤིས་སློབ་གསོ་དང་ལེན་བྱ་རྒྱུ་དེ་རེད། ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པ་དེས་ཏང་གི་སློབ་གྲྭའི་ཚན་ཞིབ་དེ་ཏང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་སྒྲུབ་པ་དང་ཏང་གི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཐད་བྱས་རྗེས་འཇོག་པ་དང་ཏང་གི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་བ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བརྟན་དུ་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་གཏན་འབེབས་བྱས་ཡོད་ཅེས་གསུངས་པ་རེད།