མི་དམངས་དྲ་བ།

༄༅།།ལིའུ་ཡུན་ཧྲན་ཁྲའོ་ཞན་ངལ་རྩོལ་ཏང་བཙུཌ་ནས་ལོ་70འཁོར་བའི་རྟེན་འབྲེལ་བྱེད་
སྒོར་ཕེབས་པ་དང་འབྲེལ་ཨན་ཀྲོའུ་རུ་ཀྲུང་གོ་མི་དམངས་དང་བླངས་དམག་
གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་
ཕྱག་མཆོད་འབུལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་13ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཟླ་10ཚེས་10ཉིན་གྱི་ཕྱི་དྲོ་གདན་ཞུས་ལྟར་ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཕེབས་པ་དང་། ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཅིན་ཀྲེང་ཨེན་སོགས་ཁྲའོ་ཞན་གྱི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དེ་བཞིན་ཕོང་དབྱང་ལས་རིགས་ཁག་གི་མང་ཚོགས་ཁྲི་10དང་མཉམ་དུ་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་ལ་གཟིགས་པ་རེད། མཚན་མོ་དེར་ཅིན་རི་ཁྲེང་ཐང་ཆེན་དུ་གཞོན་ནུའི་གདོང་ལེན་དཔལ་འབར་ཁྲོམ་སྐོར་བྱས་པ་དང་ཅིན་ཀྲེང་ཨེན་དང་ལིའུ་ཡུན་ཧྲན་སླར་ཡང་ལྷན་དུ་ཕེབས་པ་རེད།
         ཚེས་10ཉིན་གྱི་སྔ་དྲོར་ལིའུ་ཡུན་ཧྲན་གྱིས་ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་ཚོགས་འདུའི་ལས་འགན་རྒྱུན་འཛིན་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཅིན་ཡུང་ནན་དང་མཇལ་འཛོམས་གནང་བ་དང་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་མཛའ་མཐུན་སྤེལ་རེས་གནང་བ་རེད།
         ཁྲའོ་ཞན་ལ་འཚམས་འདྲི་གནང་རིང་ལིའུ་ཡུན་ཧྲན་ཅིན་ཤིའུ་རི་བོའི་ཉི་འོད་ཕོ་བྲང་དུ་ཕེབས་ནས་ཀྲུའུ་ཞི་ཅིན་རི་ཁྲེང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་རིའི་འཇིམ་བརྙན་ལ་མེ་ཏོག་སི་ར་ཕུལ་བ་དང་ཁོང་གིས་ད་དུང་ཁྲའོ་ཞན་གྱི་མེས་རྒྱལ་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བ་དང་། ཀྲུང་གོ་མི་དམངས་དང་བླངས་དམག་གི་འགྲེམས་ཁང་དུ་གོམ་པ་སྤོ་མཚམས་འཇོག་གནང་ནས་ལོ་ངོ་65ཡི་གོང་གི་ཀྲུང་གོ་མི་དམངས་དང་བླངས་དམག་དང་ཁྲའོ་ཞན་དམག་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱས་པ་དང་དཀའ་བ་དཔག་མེད་སྤྱད་དེ་རྒྱལ་ཁ་བླངས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་དྲན་གསོ་ཟབ་མོ་གནང་བ་རེད།
         ཚེས་11ཉིན་གྱི་སྔ་དྲོར་ལིའུ་ཡུན་ཧྲན་ཆེད་མངགས་ཨན་ཀྲོའུ་རུ་ཕེབས་ནས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ལ་དུར་ཕྱག་མཆོད་འབུལ་གནང་བ་དང་། ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ་དང་འབྲེལ་ངག་བསྡམས་ནས་མྱ་ངན་ཞུས་ཡོད། ཁོང་གིས་དཔའ་བོའི་མཚན་སྙན་འཁོད་པའི་གྱང་ངོས་ལ་གཟིགས་པ་དང་འབྲེལ་གསར་དུ་ཉམས་གསོ་བྱས་པའི་སྔོན་གཤེགས་དཔའ་བོའི་བང་སོའི་ཁུལ་དང་། དྲན་གསོའི་རྡོ་རིང་། དྲན་གསོའི་ཐང་ཆེན་སོགས་སྒྲིག་བཀོད་ལ་རྟོག་ཞིབ་ནན་ཏན་གནང་བ་རེད།
         ལིའུ་ཡུན་ཧྲན་གྱིས་དུར་ཕྱག་མཆོད་འབུལ་བྱེད་སྒོའི་ཐོག་གསུང་བཤད་གནང་ནས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཚབ་ཞུས་ཏེ་ཁྲའོ་ཞན་ས་གཞི་ཆེ་མོའི་སྟེང་སྐུ་གཤེགས་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་ཡིད་སྐྱོ་པོས་མྱ་ངན་ཞུས་པ་དང་། ད་ལྟ་སྐུ་འཚོ་བཞུགས་ཡིན་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་འཐབ་འཛིང་པ་རྒན་གྲས་དང་སྔོན་གཤེགས་དཔའ་བོའི་ནང་མིར་བྱམས་བརྩེའི་འཚམས་འདྲི་གནང་བ། དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་གསོའི་ལས་གྲྭའི་ནང་ཞུགས་པ་དང་། སེམས་ཁུར་བྱེད་མཁན། རྒྱབ་སྐྱོར་བྱེད་མཁན་བཅས་ཀྱི་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཚན་པ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
         ལིའུ་ཡུན་ཧྲན་གྱིས་ཁྲའོ་ཞན་དུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ཁྲོད་ཀྲུང་གོ་མི་དམངས་དང་བླངས་དམག་དང་ཁྲའོ་ཞན་མི་དམངས་དམག་གིས་ཤི་གསོན་མཉམ་གནས་དང་ཁྲག་བཏོན་དམར་འཛིང་བྱས་པའི་ལོ་རྒྱུས་ཟིན་ཐོ་བཀོད་པ་དང་དེ་ནི་ཀྲུང་ཁྲའོ་ཡི་མཛའ་གྲོགས་བདེན་དཔང་དང་རྒྱུན་འཛིན་བྱེད་པའི་འདྲེན་རྟེན་གལ་ཆེན་ཞིག་རེད། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཁྲའོ་ཞན་ཨན་ཀྲོའུ་དང་ཁའེ་ཁྲེང་དུ་གནས་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གསར་དུ་ཉམས་གསོ་བྱས་པ་རེད། སྔོན་གཤེགས་དཔའ་བོར་མཆོད་འབུལ་དང་དྲན་གསོ་ཞུ་བ་དང་ལོ་རྒྱུས་ལ་རྗེས་དྲན་ཞུ་བའི་དམིགས་ཡུལ་ནི་འཛམ་གླིང་སྐྱེ་བོར་ཉེན་བརྡ་གཏོང་བ་དང་། ཞི་བདེར་གཅེས་སྤྲས་བྱེད་པ། འབྱུང་འགྱུར་གསར་གཏོད་བཅས་བྱ་ཆེད་རེད། ང་ཚོས་སྔོན་གཤེགས་དཔའ་བོ་ཚོའི་ཚེ་སྲོག་དང་ཁྲག་དྲོན་ལས་བྱུང་བའི་ཞི་བདེའི་ཁོར་ཡུག་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་ཧུར་ཐག་བཏང་ཐོག་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ཨན་ཀྲོའུ་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་1156པུར་འཇུག་བྱས་པ་དང་2011ལོ་ནས་བཟུང་ཀྲུང་ཁྲའོ་ཕྱོགས་གཉིས་པོས་ཁྲའོ་ཞན་དུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ཉམས་གསོ་བྱེད་པའི་ལས་དོན་མཉམ་འབྲེལ་ཐོག་སྤེལ་ཞིང་། ཨན་ཀྲོའུ་དང་ཁའེ་ཁྲེང་གི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་གསོའི་ལས་གྲྭ་དེ་2014ལོའི་ཟླ་9པར་ལས་འགོ་བཙུགས་ཡོད། གོམ་སྟབས་རྗེས་མར་འཆར་འགོད་ལྟར་ཁྲང་ཅིན་མཚེའུ་སོགས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་གཙོ་གནད་དུ་ཉམས་གསོ་བྱ་རྒྱུ་རེད།