༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་བ། གསར་དུ་བཟོ་བཅོས་
བརྒྱབ་པའི《དམག་དཔུང་གི་རྩིས་བཤེར་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་13ཉིན། 11:16】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་རྩིས་བཤེར་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། 2024ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་ཧུར་ཐག་འཚམ་པར་བྱས་ཏེ་དུས་རབས་གསར་པའི་དམག་དཔུང་གི་རྩིས་བཤེར་ལས་དོན་གྱི་སྤྱིའི་བླང་བྱ་དང་། དོན་ཚན་གྱི་དབང་ཚད།
གོ་རིམ་ལམ་སྲོལ་སོགས་སྔར་བས་བརྒྱུད་རིམ་ལྡན་པའི་ངང་ཚད་ལྡན་དུ་བཏང་བས་རྩིས་བཤེར་ལྟ་སྐུལ་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
《སྲོལ་ཡིག》ནང་ཁྱོན་ལེའུ་8དང་དོན་ཚན་75ཡོད་པ་དེ་ནི་དམག་དཔུང་གི་རྩིས་བཤེར་ལས་དོན་སྤེལ་བའི་གཞི་རྩའི་ཁྲིམས་སྲོལ་གྱི་གཞི་འཛིན་ས་ཡིན། 《སྲོལ་ཡིག》ནང་གསལ་པོ་བཏོན་དོན། དམག་དཔུང་གི་རྩིས་བཤེར་ལས་དོན་ཐད་དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞི་ཚུགས་ནས་ཆབ་སྲིད་ཀྱི་ངོ་བོ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། བཅའ་ཁྲིམས་ལ་ནན་པོར་གཞིགས་པ་དང་། དངོས་ཐོག་བདེན་འཚོལ། ཕྱོགས་ཡོངས་ལ་ཁྱབ་པ། གནད་དོན་ཕྱོགས་སྟོན་དུ་འཛིན་པ། ཞིབ་བཤེར་བཅོས་སྐྱོང་གཞི་གཅིག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱེད་དགོས་པ། རྩིས་བཤེར་ལྟ་སྐུལ་ལས་འགན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་བརྒྱབ་ནས་རྩིས་བཤེར་གྱི་འབྲེལ་ཡོད་དོན་ཚན་སྔར་བས་ཞིབ་ཚགས་སུ་གཏོང་བ། འཛུགས་སྐྲུན་རྣམ་གྲངས་གལ་ཆེན་སོགས་ཐད་ཀྱི་རྩིས་བཤེར་བྱེད་སྟངས་ལེགས་སུ་གཏོང་དགོས་པ། རྩིས་བཤེར་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་བར་དམིགས་ཏེ་འཆར་གཞི་བཟོ་བ་ནས་གྲུབ་འབྲས་བེད་སྤྱོད་བྱེད་པའི་བར་གྱི་འཁོར་འབྲེལ་ཧྲིལ་པོའི་གོ་རིམ་བླང་བྱ་འཐུས་སྒོ་ཚང་དུ་གཏོང་བ་དང་ལྟ་སྐུལ་སྡེ་ཚན་གཞན་དག་དང་འབྲེལ་མཐུད་མཐུན་སྦྱོར་དང་། ངོ་བཤུས་བརྡ་སྤྲོད་དང་འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས་པ། རང་ངོས་འཛུགས་སྐྱོང་ལ་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་ནས་དེ་བས་ནན་པའི་རྩིས་བཤེར་སྒྲིག་ཁྲིམས་ཀྱི་བླང་བྱ་ཞིབ་ཚགས་སུ་བཏང་སྟེ་དད་སེམས་བརྟན་པོ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་དངོས་སྒྲུབ། སྤྱོད་བཟང་གཞུང་དྲང་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་དཔུང་ཁག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།
(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་མཚམས་གཅོད་ཀྱིས་ཞུས)
