༄༅།།ཙུང་ཐུང་འདིའི་བུ་ལ་ཉེས་ཆད་བཅད་འདུག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་12ཉིན། 14:06】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨ་རིའི་ཙུང་ཐུང་གི་བུ་ཧེང་ཐེ་·པའེ་ཏེང་ལ་ཁྲིམས་དང་འགལ་ཏེ་མེ་མདའ་ཉར་བའི་ཁྲུན་ཐག་བཅད།
ཨ་རིའི་ཙུང་ཐུང་པའེ་ཏེང་གི་བུ་ཧེང་ཐེ་·པའེ་ཏེང་གིས་2018ལོར་མེ་མདའ་ཉོ་སྐབས་དུག་འཐེན་པའི་གནས་ཚུལ་དངོས་སྦ་གསང་བྱས་པ་མ་ཟད། དུག་འཐེན་མཁན་ཡིན་པའི་ངོས་ནས་ཁྲིམས་འགལ་ངང་མེ་མདའ་ཉར་བས་ཁོ་པར་སྐྱོན་འདོན་ཞུ་གཏུག་ཁག་གསུམ་བྱས་པ་ཚང་མ་བྱས་ཉེས་སུ་གྲུབ་ཚུལ་ཚེས་11ཉིན་ཨ་རིའི་ཐེ་ལ་ཧྭ་མངའ་སྡེའི་མི་12ལས་གྲུབ་པའི་མཉམ་ཞུགས་གྱོད་ཞིབ་ལྷན་ཚོགས་ཀྱིས་ཁྲུན་ཐག་བཅད། འདི་ནི་ཨ་རིའི་ད་ལྟའི་ཙུང་ཐུང་གི་བུ་ཕྲུག་ལ་ཉེས་པ་ཡོད་པའི་ཁྲུན་ཐག་བཅད་པ་ཐེངས་དང་པོ་རེད།
ཉེས་པ་ཚབས་ཆེན་གསུམ་གྱི་བྱས་ཉེས་ཞུ་གཏུག་ལས་མངོན་པར། ད་ལོ་རང་ལོ་54ལ་སླེབས་པའི་ཧེང་ཐེ་·པའེ་ཏེང་གིས་2018ལོར་མེ་མདའ་ཉོ་སྐབས། རྒྱལ་ཕྲན་མཉམ་འབྲེལ་གྱི་མེ་མདའ་ཉོ་བའི་རེའུ་མིག་ཅིག་གི་ཐོག་ཁོ་པས་ཁྲིམས་དང་འགལ་ཏེ་སྨན་རྫས་སམ་ཡང་ན་སྦྲིད་སྨན་སྤྱོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མེད་པ་མ་ཟད། ཁྲིམས་འགལ་ངང་ཉིན་11རིང་མེ་མདའ་ཉར་ཡོད་པ་རེད།
གནས་འཕྲིན་སྤེལ་བའི་ནང་། ཧེང་ཐེ་·པའེ་ཏེང་ལ་བཙོན་འཇུག་མང་ཤོས་ལོ་25དང་ཨ་སྒོར་ཁྲི་75ཡི་དངུལ་ཆད་གཅོད་སྲིད། གྱོད་གཞི་དེའི་བཅད་ཁྲ་ཟླ་10པའི་ཟླ་དཀྱིལ་དུ་ཁྱབ་བསྒྲགས་བྱེད་སྲིད་ཅེས་འཁོད་ཡོད་པ་རེད། ཁྲིམས་དང་འགལ་ཏེ་མེ་མདའ་ཉར་བའི་གྱོད་གཞི་ཕུད་ཧེང་ཐེ་·པའེ་ཏེང་ལ་ད་དུང་ཁྲལ་དོན་ཉེས་གསོག་གི་ཉེས་བགྲང་ཞུ་གཏུག་འཕྲད་ཡོད། གྱོད་གཞི་དེ་ཟླ་9པར་ལུའོ་ཧྲན་ཅི་རུ་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱ་རྒྱུ་རེད།
མཉམ་ཞུགས་གྱོད་ཞིབ་ལྷན་ཚོགས་ཀྱིས་ཁྲུན་ཐག་བཅད་དོན་ཁྱབ་བསྒྲགས་བྱས་རྗེས། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་བཤད་དོན། ཁོ་པས་གྱོད་གཞི་དེའི་མཇུག་འབྲས་དང་ལེན་བྱེད་རྒྱུ་མ་ཟད། “ཧེང་ཐེ་ཡིས་གོང་གཏུག་གི་བསམ་གཞིག་བྱེད་པའི་བརྒྱུད་རིམ་ནང་ཁྲིམས་འཛིན་གོ་རིམ་ལ་མུ་མཐུད་བརྩི་འཇོག་བྱ་རྒྱུ་ཡིན་”ཞེས་བཤད་པ་རེད། ཉིན་ཤས་གོང་བཅར་འདྲི་བྱེད་སྐབས་པའེ་ཏེང་གིས་གལ་ཏེ་བུ་ལ་ཉེས་པ་ཡོད་པའི་ཁྲིམས་ཐག་བཅད་ཚེ་བཙོན་འགྲོལ་གཏོང་མི་སྲིད་ཅེས་བཤད།
