༄༅།།《རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་12ཉིན། 10:58】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས》ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།
ནུས་རྒྱུའི་བདེ་འཇགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས། ནུས་རྒྱུའི་འཕེལ་ཕྱོགས་ཆེན་པོར་བསྟུན་པའི་ཐབས་ལམ་བཙལ་ཏེ་ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་བཏོན་ནས། ནུས་རྒྱུའི་འཛད་སྤྱོད་གསར་བརྗེ་དང་། ནུས་རྒྱུའི་མཁོ་སྤྲོད་གསར་བརྗེ། ནུས་རྒྱུའི་ལག་རྩལ་གསར་བརྗེ། ནུས་རྒྱུའི་སྒྲིག་སྲོལ་གསར་བརྗེ་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ།
རང་རྒྱལ་གྱི་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་འཛུགས་པ། ནུས་རྒྱུ་འགན་སྲུང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ལ། འཛམ་གླིང་གི་ནུས་རྒྱུ་བདེ་འཇགས་དང་ནུས་རྒྱུ་འཕེལ་རྒྱས་ཕྱོགས་སྒྱུར་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བརྗོད་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡིན་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ནུས་རྒྱུ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། ནུས་རྒྱུའི་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ། ནུས་རྒྱུའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བདེ་འཇགས་དང་བློས་འགེལ་ཆོག་པའི་ནུས་རྒྱུའི་འགན་སྲུང་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
《རྣམ་བཤད་བཏུས་བསྒྲིགས》ནང་ཆེད་དོན་8ལ་དབྱེ་ནས་ཁྱོན་རྣམ་བཤད་དུམ་བུ་217ཡོད་པ་དེ་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2024ལོའི་ཟླ་5པའི་བར་གྱི་སྙན་སྒྲོན་དང་། གསུང་བཤད། གཏམ་བཤད། གླེང་མོལ། རྟེན་འབྲེལ་འཕྲིན་ཡིག འཕྲིན་ལན། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་130ལྷག་ཙམ་ནས་བཏུས་ཡོད། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་ངང་སྤེལ་ཐེངས་དང་པོ་རེད།
(མཚམས་གཅོད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)
