༄༅།།གྲོས་ཆོད་འདི་ལ་གྲོས་འཆམ་བྱུང་འདུག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་11ཉིན། 14:39】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨ་རིས་ཕུལ་བའི་ཀཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་གྲོས་ཆོད་ལ་ས་གནས་དེ་གའི་དུས་ཚོད་ཚེས་10ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)དང་དབྱི་སི་རལ་ལ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དང་ལེན་བྱེད་དགོས་པའི་རེ་འབོད་བྱས་པ་རེད།
གྲོས་ཆོད་ཀྱི་འཆར་ཟིན་ལ་གཞིགས་ན། དམག་མཚམས་འཇོག་རྒྱུའི་གྲོས་འགོ་དེ་དུས་མཚམས་གསུམ་ལ་དབྱེ་ནས་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ།
དུས་མཚམས་དང་པོར་“དམག་མཚམས་འཕྲལ་མར་ཁྱོན་ཡོངས་ནས་མཐར་ཕྱིན་པར་འཇོག་རྒྱུ་”སྟེ། དབྱི་སི་རལ་གྱི་དམག་དཔུང་ཀཱ་ཧྲ་ས་ཁུལ་གྱི་མི་འབོར་འདུས་ཁུལ་ཚང་མ་ནས་ཕྱིར་འཐེན་བྱེད་པ་དང་། ཧ་མ་སིས་བུད་མེད་དང་རྒན་རྒོན། རྨས་མ་སོགས་བཀག་ཉར་བྱས་པའི་མི་སྣ་ཁག་གཅིག་གློད་འགྲོལ་གཏོང་བ་དང་འབྲེལ་རྐྱེན་ལམ་དུ་ཤོར་བའི་མི་སྣ་ཁག་གཅིག་གི་ཕུང་པོ་ཕྱིར་སྤྲོད་བྱེད་པ། དབྱི་སི་རལ་གྱིས་བཙོན་འཇུག་བྱས་པའི་ཕ་ལེ་སི་ཐན་པ་བཙོན་གྲོལ་གཏོང་དགོས་བཅས་རེད།
དུས་མཚམས་གཉིས་པར་ཧ་མ་སིས་བཀག་ཉར་བྱས་པའི་མི་སྣ་ལྷག་མ་གློད་འགྲོལ་གཏོང་དགོས། བརྗེ་རེས་ཀྱི་ཆ་རྐྱེན་ངོས་ནས། དབྱི་སི་རལ་གྱི་དམག་དཔུང་ཚང་མ་ཀཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས།
དུས་མཚམས་གསུམ་པར་ཀཱ་ཧྲ་ས་ཁུལ་གྱི་གཞི་ཁྱོན་ཆེ་བའི་བསྐྱར་སྐྲུན་འཆར་གཞི་སོགས་སྤེལ་འགོ་འཛུགས་རྒྱུ་རེད།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་15ཡི་ཁྲོད་གྲོས་ཆོད་དེར་མོས་མཐུན་གྱི་འདེམས་ཤོག་14བྱུང་བ་དང་། མོས་མཐུན་མེད་མཁན་མ་བྱུང་ཞིང་། ཨུ་རུ་སུས་འདེམས་ཤོག་འཕེན་དབང་དོར་བ་རེད། “ཟླ་5ཚེས་31ཉིན་ཨ་རིས་ཁྱབ་བསྒྲགས་བྱས་པའི་དམག་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན་པར་གྲོས་ཆོད་དེ་ཡིས་དགའ་བསུ་ཞུས་པ་དང་། དབྱི་སི་རལ་གྱིས་དམག་མཚམས་འཇོག་རྒྱུའི་གྲོས་འགོ་གསར་པ་དང་ལེན་བྱས་པ་དང་། ཧ་མ་སིས་ཀྱང་གྲོས་འགོ་དེ་དང་ལེན་བྱ་རྒྱུའི་སྐུལ་མ་བཏང་བ་དང་འབྲེལ་ཕྱོགས་གཉིས་པོས་ནར་འགྱངས་སྤུ་ཙམ་ཡང་མེད་པ་མ་ཟད་ཆ་རྐྱེན་མེད་པར་དེའི་དོན་ཚན་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐུལ་མ་བཏང་བ་རེད།”
ཧ་མ་སིས་གསལ་བསྒྲགས་སྤེལ་ནས་དགའ་བསུ་ཞུས་པ།
ས་གནས་དེ་གའི་དུས་ཚོད་ཚེས་10ཉིན་གྱི་དགོང་མོར་ཧ་མ་སིས་གསལ་བསྒྲགས་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀཱ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་རེ་འབོད་བྱས་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད། ཧ་མ་སིས་གྲོས་ཆོད་ནང་བཏོན་པའི་འབྲེལ་ཡོད་དམག་མཚམས་འཇོག་རྒྱུའི་ནང་དོན་དང་རྩ་དོན་དེ་ཧ་མ་སི་དང་ཀཱ་ཧྲའི་དམངས་ཚོགས་ཀྱི་བླང་བྱ་དང་མཐུན་པས་ཧ་མ་སིས་དེའི་ཐད་འབྲེལ་ཡོད་འདུམ་འགྲིག་ཕྱོགས་དང་མཉམ་ལས་བྱས་ནས། དབྱི་སི་རལ་དང་གཞན་བརྒྱུད་གྲོས་མོལ་བྱེད་འདོད་ཡོད་ཅེས་བཤད་པ་རེད།
