འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་11ཉིན།

༄༅།།ཨ་རིའི་ཙུང་ཐུང་གི་འདི་ལྟར་བཤད་པའི་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་11ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་6ཚེས་7ཉིན་ཕྱི་འབྲེལ་པུའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཧྲེན་ཀྲེན་བརྙན་འཕྲིན་ཁང་གི་གསར་འགོད་པས་དྲིས་དོན། ཉེ་ཆར་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་བཅར་འདྲི་དང་ལེན་བྱེད་སྐབས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ནི་མི་རྣམས་སུན་སྣང་སྐྱེས་པའི་འཆར་གཞི་ཞིག་ཏུ་གྱུར་ཡོད་ལ། ཨ་ཧྥེ་རི་ཁར་གནས་ཚུལ་གང་འདྲ་ཐོན་བཞིན་ཡོད་པ་ཅིག་ལྟོས་དང་ཞེས་བཤད་འདུག  ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། 
   མའོ་ཉིང་གིས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་གང་འདྲ་ཞིག་ཡིན་པ་དེ་མཉམ་སྐྲུན་རྒྱལ་ཁབ་ཀྱི་མི་དམངས་ལ་སྐད་ཆ་ཤོད་དབང་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་10རིང་། ཀྲུང་གོས་རྒྱལ་ཁབ་150ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་30ལྷག་ཙམ་བར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཡིག་ཆ་200ལྷག་ལ་མིང་རྟགས་བཀོད་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་འཛམ་གླིང་ཐོག་ཁྱབ་རྒྱ་ཆེ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་ཞིག་ཏུ་གྱུར་ནས། མཉམ་སྐྲུན་རྒྱལ་ཁབ་ཀྱི་མི་དམངས་ལ་དངོས་སུ་ཁེ་ཕན་ཐོབ་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དགའ་བསུ་བྱས།
   ཨ་ཧྥེ་རི་ཁ་ནི་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པའི་ས་ཁུལ་གྱི་གྲས་ཤིག་ཡིན། “རྒྱུད་གཅིག་ལམ་གཅིག”གི་དབང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོ་ཞིག་ལ་མྱུར་བགྲོད་གཞུང་ལམ་དང་པོ་དང་། རྒྱ་མཚོ་བརྒལ་བའི་ཟམ་ཆེན་དང་པོ། བཟོ་ལས་གླིང་ཁུལ་དང་པོ་བཅས་ཐོབ་པ་དང་། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོར་སྒྲིག་ཆས་འཐུས་ཚང་དང་ཨ་ཧྥེ་རི་ཁ་ཡོངས་སུ་ཁྱབ་པའི་ནད་འགོག་ཚོད་འཛིན་ལྟེ་གནས་དང་པོ་ཡོད་པར་གྱུར་ཅིང་། ཨ་ཧྥེ་རི་ཁའི་རྣམ་པར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གཞན་ལ་སྐྱོན་བརྗོད་བྱེད་པ་ནི་ལས་སླ་པོ་ཞིག་ཡིན་ཞིང་། གཞན་ལས་ལྷག་པར་བསྒྲུབ་རྒྱུ་ནི་ལས་སླ་པོ་ཞིག་མིན། ང་ཚོས་ཨ་རིས་དངོས་སུ་དངུལ་བཏོན་ནས་ཨ་ཧྥེ་རི་ཁ་འཕེལ་རྒྱས་དང་དར་རྒྱས་གཏོང་ཆེད་དངོས་ཐོག་གི་བྱ་བ་འགའ་བསྒྲུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།