༄༅།།“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཞོན་ནུའི་གཙོ་འཛིན་ཁྱིམ་གཞིས” “ཀྲུང་གོར་སྐྱོད་པའི”བྱེད་སྒོ་ཐོག་
མ་ཞ་མོན་དུ་སྤེལ་བ།
—— གཞོན་ནུའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་11ཉིན། 10:03】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཧྥུའུ་ཝུན།
ཉིན་ཤས་གོང་། ཀྲུང་གོ་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་གཙོ་གཉེར་བྱས་པའི“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཞོན་ནུའི་གཙོ་འཛིན་ཁྱིམ་གཞིས”“ཀྲུང་གོར་སྐྱོད་པའི”བྱེད་སྒོ་ཐོག་མ་ཧྥུའུ་ཅན་ཞ་མོན་དུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་ཞུགས་མཁན་ཁོངས་མིའི་གྲས་སུ་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་དང་། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་སྒྲིག་གཞིའི་འཐུས་མི། ཀྲུང་གོས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སློབ་མའི་ཁྱིམ་གཞིས་ཀྱི་ཁོངས་མིའི་འཐུས་མི། གཞོན་ནུ་ཁེ་ལས་མཁས་ཅན་དང་གཞོན་ནུ་མཁས་དབང་སོགས་ཚུད་ཡོད་པ་རེད།
“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཞོན་ནུའི་གཙོ་འཛིན་ཁྱིམ་གཞིས”དེ་2023ལོའི་ཟླ་7པར་བཙུགས་པ་དང་། དེའི་དམིགས་ཡུལ་ནི་རིག་གནས་སྤེལ་རེས་བྱེད་སྒོ་སྣ་ཚོགས་སྤེལ་ནས་གཞོན་ནུ་དེ་བས་མང་བ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ནང་ཞུགས་རྒྱུར་རྒྱབ་སྐྱོར་དང་། རྒྱལ་ཁབ་ཁག་གི་གཞོན་ནུ་ཐུན་མོང་ཐོག་འཕེལ་རྒྱས་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
ད་ཐེངས་ཞ་མོན་དུ་སྐྱོད་པ་ནི“མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་འགྲོ་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྤེལ་བ་དང་། ཁོངས་མི་ཚོས་འཚམས་འདྲི་དང་བཞུགས་མོལ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཚན་རྩལ་གསར་གཏོད་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཐད་ཞ་མོན་ལ་ཐོབ་པའི་འཕེལ་རྒྱས་གྲུབ་འབྲས་ཤེས་རྟོགས་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཉམས་ལེན་བྱས་པ་རེད།
“སྨན་ཁང་དུ་འཚམས་འདྲི་བྱེད་རིང་ངས་ཞ་མོན་གྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པའི་ཐད་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་མཐོང་བྱུང་ལ། ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་སྨན་བཅོས་ཚན་རྩལ་གྱིས་མི་དམངས་ལ་བདེ་རྩ་སྦྱིན་པ་ཡང་དེ་བས་མཐོང་བྱུང་། སི་རི་ལན་ཁ་ཡིས་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་ནས་མཉེན་ཆ་ལྡན་པའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་སི་རི་ལན་ཁའི་ཕྱི་སྦྱོང་སློབ་མ་ཨན་ཤིས་ལེ་ཡིས་བཤད།
“ཞ་མོན་གྱིས་མི་དང་། གྲོང་ཁྱེར། ཐོན་ལས་བཅས་འཕེལ་རྒྱས་མཉམ་འདྲེས་དམ་ཚགས་ཡོང་བར་སྐུལ་འདེད་གཏོང་གི་ཡོད”ཅེས་པེ་ཅིང་ཕྱི་སྐད་སློབ་ཆེན་གྱི་རྒྱལ་ཁོངས་ཨུ་རུ་སུའི་སློབ་མ་མེ་ལི་ཧྲ་ཡིས་བཤད། ཁོང་གིས་སན་ཨན་འོད་གློག་མ་རྐང་ཚད་ཡོད་ཀུང་སིར་ལྟ་སྐོར་བྱེད་སྐབས་ཉི་འོད་དང་ས་རྒྱུར་མི་བརྟེན་པའི“རྩི་ཤིང་བཟོ་གྲྭར”ཉམས་ལེན་བྱས་པ་ཡིན། “ཞ་མོན་གྱིས་ཚན་རྩལ་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད”ཅེས་བཤད།
འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་གསར་གཏོད་རྟེན་གཞིར་ཁོངས་མི་ཚོས་འབོ་གསེར་གྱི་དཔེ་སྟོན་རྣམ་གྲངས་དང་དེ་བཞིན་ཕུན་སུམ་ཚོགས་པའི་སྤེལ་རེས་བྱེད་སྒོ་ཤེས་རྟོགས་ཞིབ་ཕྲ་བྱས་ཡོད། ཆིང་ཧྭ་སློབ་ཆེན་གྱི་གཞོན་ནུ་མཁས་དབང་ཀྲང་ཝུན་ཅུན་གྱིས“ད་རེས་ང་ཞ་མོན་དུ་ཡོང་ཐེངས་གསུམ་པ་ཡིན། ཡོང་ཐེངས་རེར་མྱོང་ཚོར་མི་འདྲ་བ་རེ་བྱུང”ད་ཐེངས་ཞ་མོན་དུ་སླེབས་རྗེས་ལག་རྩལ་གྱིས་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགུལ་ནུས་ཟབ་མོ་ཚོར་བྱུང་ལ། རྒྱལ་ཁབ་མི་འདྲ་བའི་གཞོན་ནུ་ཞ་མོན་དུ་འཛོམས་ནས་འཕེལ་རྒྱས་ཀྱི་ཉམས་མྱོང་ཐུན་མོང་ཐོག་མཉམ་སྤྱོད་བྱེད་ལུགས་མཐོང་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།
