འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་7ཉིན།

གྲོང་གསེབ་ལ་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་མཛེས་ལྗོངས་ཁུལ་གྱི་རིག་གནས་སྤུས་ཚད་མཐོ་རུ་བཏང་བ།

༄༅།།ཁྲུང་ཆིང་ཡིའུ་དབྱང་གིས་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་
བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་07ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཤིན་ཝུའུ།
    ཁྲུང་ཆིང་གྲོང་ཁྱེར་ཡིའུ་དབྱང་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་དུ་ཁམ་བུའི་ལྡུམ་ར་སོགས་མཛེས་ལྗོངས་ཁུལ་མི་ཉུང་བ་ཞིག་སྐད་གྲགས་ཆེ་བའི་མཛེས་ལྗོངས་ས་ཚིགས་སུ་འགྱུར་བཞིན་ཡོད་ཅིང་། འདི་ལོའི“ལྔ་གཅིག”གུང་གསེང་རིང་ཡིའུ་དབྱང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་150ཡན་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་6.8བྱུང་ཡོད།
    ཝུའུ་ལིང་རི་ཁུལ་གྱི་དབུས་སུ་ཆགས་པའི་ཡིའུ་དབྱང་འདི་ཉིད་ནི་རང་བྱུང་ཡུལ་ལྗོངས་ཤིན་ཏུ་མཛེས་པའི་ཡུལ་ཞིག་རེད། འོ་ན་རི་སྔོན་ཆུ་དྭངས་གསེར་རི་དངུལ་རིར་ཇི་ལྟར་འགྱུར་བ་བྱེད་དགོས་སམ།
     “སྐྱེ་ཁམས་གཞི་རྩ་དང་གྲོང་གསེབ་རྨང་གཞིར་བྱས་ཏེ་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་གསུམ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་ཡིའུ་དབྱང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཆི་མེ་ཝུན་གྱིས་བཤད།
     2021ལོར་ཡིའུ་དབྱང་རྫོང་གིས“ཐུན་མོང་ཕྱུག་འགྱུར་གྱི་གྲོང་གསེབ”ཅེས་པ་དཔེ་སྟོན་ཚོད་ལྟའི་སྒོ་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་བརྒྱུད། ཧོ་ཅ་ཡན་ཞེས་པའི་གྲོང་ཚོ་དེ་ཉིད་རྫོང་ཡོངས་ཀྱི“ཐུན་མོང་ཕྱུག་འགྱུར་གྱི་གྲོང་གསེབ”འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་ཞིང་ཁ་དང་པོར་གྱུར་ཡོད།
    བཤིག་སྐྲུན་ཆེན་པོ་མི་བྱེད་པ་དང་། གྲོང་གསེབ་ཀྱི་ཁང་པའི་རྣམ་པ་རང་སོར་གང་ཐུབ་འཇོག་པ། མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཧོ་ཅ་ཡན་གྲོང་ཚོའི་ཐུན་མོང་ཕྱུག་འགྱུར་གྱི་གྲོང་གསེབ་ཀྱི་མ་རྐང་མཉམ་ལས་ཁང་འཛུགས་པ། ལས་རིགས་སྤྱི་གཉེར་བ་གདན་དྲངས་ཏེ་ཚད་ལྡན་དོ་དམ་བྱེད་པ་ལ་སོགས་པའི་བྱེད་ཐབས་སྣ་ཚོགས་སྤྱད་མཐར། སྔོན་མའི་ཁང་པ་རྙིང་པ་ཁོ་ཧྥེ་ཇ་ཁང་དང་ཙག་ཙིག་ཚོང་ཁང་དུ་གྱུར་པ་དང་། སློབ་ཆེན་སློབ་མ་སྔར་ལས་མང་པོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ། ཡུལ་མིས་མ་རྐང་ནང་ཞུགས་པར་ཁེ་སྤོགས་རག་ཡོད།
    ཆི་ཐེང་ཡུན་འདི་ལོ་ལོ་23ལ་སླེབས་ཤིང་། སློབ་ཆེན་ཐོན་རྗེས་ཧོ་ཅ་ཡན་གྲོང་ཚོར་ལོག་ནས་ཙག་ཙིག་ཚོང་ཁང་ཞིག་བཙུགས་ཤིང་། ཚོང་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་20ཙམ་ལས་མེད་རུང་ལག་གདུབ་དང་། ཇ་ལོ། སྦྲང་རྩི། འབྲས་ནག་པོ་ལ་སོགས་ཚོང་ཟོག་སྣ་ཁ་འཛོམས་པོ་ཡོད། “‘ལྔ་གཅིག’གུང་གསེང་རིང་ཚོང་ཁང་གི་ཡུལ་ཟོག་མང་པོ་བྲིན་ནས་གཅིག་ཀྱང་ལྷག་མ་སོང”ཞེས་ཆི་ཐེང་ཡུན་གྱིས་དགའ་ཚོར་ཆེན་པོས་བཤད།
     ཕྱོགས་གཞན་ཞིག་ཏུ་ལིན་ཡ་ཁོ་ཧྥེ་ཇ་ཁང་གི་འགན་འཁུར་བ་ལི་མོང་ན་ཡིས་ཁོ་ཧྥེ་བཀོལ་བཞིན་འདུག ཁོ་ཧྥེ་ཁང་དེ་སྨི་ངོས་གྲུ་80ཡས་མས་ཡོད་པའི་བེད་མེད་དུ་ལུས་པའི་ཁང་པ་སྒྱུར་བཀོད་བྱས་ནས་བཙུགས་ཤིང་། ཁང་པའི་བདག་པོ་ཧོ་དབྱི་ལུའི་ཡིས་ཁང་པ་གཡར་བའི་རྣམ་པའི་ཐོག་ནས་མ་རྐང་ནང་ཞུགས་པ་ལས་མཉམ་གཉེར་པར་གྱུར་པ་དང་ཆབས་ཅིག ཁོ་ཧྥེ་ཁང་དུ་ཉིན་གླ་རྒྱུག་པར་ཡོང་འབབ་ཁག་གཉིས་ལེན་རྒྱུ་བྱུང་ཡོད།
     “ཐུན་མོང་ཕྱུག་འགྱུར་ལམ་བུར”ཡག་པོ་བསྐྱོད། གྲོང་གསེབ་འདི་ཉིད་མཛེས་ལྗོངས་ཁུལ་དུ་གྱུར། 2023ལོར་ཧོ་ཅ་ཡན་གྲོང་ཚོའི་མེ་ཏོག་ཞིང་དང་སྐས་ཞིང་གི་མཛེས་ལྗོངས་ཁུལ་དེ་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་བདམས་པ་དང་ཡུལ་སྐོར་ལས་རྣམ་རིམ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ནས་བཟའ་བཏུང་དང་། ཁྱིམ་ཚང་མགྲོན་ཁང་། རིག་གནས་བསམ་བཀོད་ཐོན་རྫས་སོགས་ཀྱི་མངགས་ཐོ་ཉིན་རེ་བཞིན་མང་དུ་སོང་ཡོད།
   ད་ཆ་ཧོ་ཅ་ཡན་གྲོང་ཚོས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་པ་དང་ཆབས་ཅིག གྲོང་གསེབ་ཀྱི་ཡུལ་སྐོར་ཇི་ཙམ་གཉེར་བ་དེ་ཙམ་གྱིས་དར་རྒྱས་གོང་འཕེལ་ཕྱིན་ཞིང་། 2023ལོར་ཧོ་ཅ་ཡན་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་10ལ་སྣེ་ལེན་ཞུས་པ་དང་གྲོང་མི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་གྱི་ཡོད།
    ཧོ་ཅ་ཡན་གྲོང་ཚོ་ཙམ་མ་ཡིན་པར་ཉེ་བའི་ལོ་ཤས་རིང་ཡིའུ་དབྱང་གིས་སྲོལ་རྒྱུན་གྲོང་ཚོར་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་གཞི་རྟེན་དུ་བྱས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཡག་པོ་བྱས་ཏེ། ཡུལ་སྐོར་འཛད་སྤྱོད་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་པས་སྲོལ་རྒྱུན་གྱི་གྲོང་ཚོ་མང་པོ་ནས་སླར་ཡང་གསོན་ཤུགས་མངོན་ཡོད།
    འཁྲུག་ཆ་ཤིན་ཏུ་དོད་པའི་ཀུང་ཐན་གནའ་གྲོང་གི་གླུ་གར་འདུ་ཚོགས་ནས་རྡོ་རྩེག་མེ་ཏོག་གྲོག་རོང་གི་འཕུར་སྐྱོད་བྱེད་སྒོ་བར་དང་། ཡང་དེ་ནས་མཛེས་སྡུག་རྣམ་པར་བཀྲ་བའི་ཁམ་བུའི་མེ་ཏོག་ལྡུམ་རའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་བར་ཡིའུ་དབྱང་ལ་ཡུལ་སྐོར་བྱེད་ས་སྣ་ཚོགས་ཡོད།
    ཁམ་བུའི་མེ་ཏོག་ལྡུམ་རའི་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་ཁྲེན་ལེ་ཡིའུ་ཡིས། མཛེས་ལྗོངས་ཁུལ་དུ་སྲོལ་རྒྱུན་གྱི་ལ་གཞས་དང་དམངས་གཞས། སྨྱུག་རོལ་དཀྲོལ་གཏོང་། སྨྱུག་དབྱུག་ཞབས་བྲོ་སོགས་མི་རིགས་རིག་གནས་འཁྲབ་སྟོན་བྱེད་སྒོ་རྒྱུན་དུ་སྤེལ་ནས་རིག་གནས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་ཆབས་ཅིག མེའོ་རིགས་འཚེམ་དྲུབ་དང་སྨྱུག་རྩྭ་སླས་འཐག་སོགས་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་ཚོང་ཟོག་དང་རིག་གནས་བསམ་བཀོད་ཐོན་རྫས་གསར་གཏོད་བྱས་ནས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རིག་གནས་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ད་དུང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་དང་དམངས་ཁྲོད་ལག་ཤེས་རྒྱུན་འཛིན་པའི་ལས་ཞུགས་ལའང་སྐུལ་འདེད་བཏང་ཡོད།
     ཡིའུ་དབྱང་གི་ཆ་སྙོམས་ས་བབ་སྨི་800ལས་ཟིན་གྱི་མེད། དེར་བརྟེན་ནས“ཡིའུ་དབྱང་800”ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་བཏོད་པའི་ཁར། རྫོང་ཡོངས་ཀྱི་ཞིང་ལས་དང་། ནགས་ལས། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཐོན་ཁུངས་མཉམ་འདྲེས་བྱས་ནས་ཡུལ་སྐོར་འཛད་སྤྱོད་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། མིག་སྔའི་བར། ཡིའུ་དབྱང་ལ་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་1དང་། རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་7 གྲོང་ཁྱེར་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་2བཅས་ཡོད།