༄༅།།བོད་སྐྱོར་སྟོབས་ཤུགས་ཀྱིས་ས་མཐོའི་ཞིང་རའི་རྣམ་པ་གསར་དུ་བསྒྱུར་རོགས་བྱས་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་06ཉིན། 15:09】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

བོད་ལྗོངས་ཉིང་ཁྲི་ནི་རི་ཚོགས་ཀྱིས་བསྐོར་ཞིང་། ལྗོན་ཤིང་སྔོ་ཐིང་ཐིང་དང་། གཙང་ཆུ་དྭངས་མོ་ཡོད། ཀྲུའུ་ཧའེ་དང་ཉིང་ཁྲི་སྨིན་གླིང་གཉིས་ལེ་བ་ཁྲི་སྟོང་བར་ཐག་ཆོད་ཀྱང་། སེམས་དང་ལག་པ་སྦྲེལ་ཞིང་། ནགས་ཚལ་དང་རྒྱ་མཚོའི་བརྩེ་དུང་ཟབ་མོ་ཡོད། 2022ལོའི་ཟླ་6པར། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་སྨིན་གླིང་རྫོང་(ཀྲུའུ་ཧའེ་)ལས་དོན་ཚོགས་ཆུང་ཉིང་ཁྲི་སྨིན་གླིང་དུ་འབྱོར་ནས་དུས་ཡུན་ལོ་གསུམ་གྱི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་རེད།
དུས་རབས་20པའི་ལོ་རབས་60པར་བཙུགས་པའི་སྨི་གླིང་གི་ཞིང་རར་འོད་སྟོང་མང་པོ་ལྡན་ཡོད་མོད། འོན་ཀྱང་། ལོ་རབས་90པ་ནས་བཟུང་། ཁྲོམ་རའི་འགྲན་རྩོད་ཁྲོད་ཞིང་རའི་འགྲན་རྩོད་ནུས་པ་རིམ་བཞིན་ཤོར་ཡོད།
2021ལོའི་ཟླ་12པར། སྨིན་གླིང་ཞིང་ར་དེ་ཉིང་ཁྲིའི་ཞིང་ར་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིར་བསྒྱུར་བཅོས་བྱས་པ་རེད། བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་བཅའ་སྡོད་བྱས་རྗེས་ལས་དོན་ཚོགས་ཆུང་ཁག་གོང་མའི་“མཐུད་རྒྱུག་པ་”དང་ལེན་བྱས་ནས། ཀརྨ་ཞིང་ལས་ཀྱི་འབྱུང་འགྱུར་ལོ་ལྔའི་འཐབ་ཇུས་འཕེལ་རྒྱས་འཆར་འགོད་བཟོས་པ་སྟེ། ས་མཐོའི་ཉ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཟུར་སྣོན་རིན་ཐང་མཐོ་བའི་ཤིང་ཏོག་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འཕྲུལ་ཆས་ཅན་དུ་འདེབས་འཛུགས་ལ་སྐུལ་འདེད་གཏོང་བ།“ཀརྨ་ལེགས་འདེམས་”ཀྱི་ཉོ་ཚོང་སྟེགས་བུ་བསྐྲུན་ནས། ཉིང་ཁྲིའི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་ལ་“གཤོག་པ་”སྐྱེས་པ་ལྟར་གྱུར་ནས། ཀོང་ཏུང་དང་ཨའོ་མོན་མཚོ་ཁུག་ཆེན་པོའི་ཁྲོམ་རར་ཕྱིར་ཚོང་བྱས།
ཀྲུའུ་ཧའེ་ཀྲེང་ཧྥང་ཚོགས་པ་ཚད་ཡོད་ཀུང་སི་ནས་ཡོང་བའི་ཞུང་ལེ་དང་ཁྲེན་ཀྲུང་ནི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་སྨིན་གླིང་རྫོང་ལས་དོན་ཚོགས་ཆུང་གི་ཁོངས་མི་རེད། ཀརྨ་སྲེའུ་ཕྱིར་ཚོང་བྱེད་པའི་ལས་དོན་ཁྲོད་ཁོང་ཚོས་ཐོན་རྫས་ཚོད་འཛིན་གྱིས་ཕྱིར་ཚོང་བྱེད་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། འོན་ཀྱང་། སོས་ཉར་དུས་ཡུན་རིང་དུ་གཏོང་རྒྱུ་ནི་དེའི་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་རེད།
བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། ཁོ་ཚོས་ཤིང་འབྲས་འཐུ་སྐབས་ལག་ཤུབས་གྱོན་ནས། ཤིང་འབྲས་དང་ཡལ་ག་མཉམ་དུ་འཐུ་བའི་ཐབས་ཀྱིས་སྲེའུ་གསར་བ་འགན་ལེན་བྱས་པ་རེད། “ཤིང་འབྲས་འཐུ་སྐབས་ལག་ཤུབས་གྱོན་ཞིང་ཤིང་འབྲས་སྲུང་སྐྱོབ་བྱེད་པར་ཡལ་ག་སྲུང་སྐྱོབ་བྱེད་དགོས”ཞེས་པའི་འདུ་ཤེས་གསར་པ་ཁྱབ་གདལ་བཏང་ཡོད། འགྱུར་ལྡོག་ཆུང་ཆུང་ཞིག་གི་སྲེའུ་སོས་ཉར་དུས་ཡུན་ཉིན་5ཙམ་རིང་དུ་ཕྱིན་ནས། ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
2022ལོའི་གོང་དུ་སྨིན་གླིང་ས་གནས་དེ་གར་ཆུ་ཐོན་གསོ་སྤེལ་ལས་རིགས་ཧ་ལམ་མེད་པ་དང་། ཐོན་ལས་ཅན་གྱི་འཕེལ་རྒྱས་དེ་བས་གླེང་ཐབས་བྲལ་བ་རེད། ད་ཆ་རྒྱལ་སྤྱིའི་ཁྲོམ་རའི་“ཚྭ་མེད་ཆུའི་ཉ་རྒྱལ་པོ”ཞེས་འབོད་པའི“ཀྲུང་གོའི་ཉ་ཞིམ་”ཀོང་ཏུང་ནས་སྤྱི་ལེ་3200ལྷག་ཙམ་འཕུར་ནས། བོད་ལྗོིངས་སུ་སླེབས་པས་ས་མཐོའི་ཉ་ལས་གསོ་སྤེལ་གྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།
ཀྲུའུ་ཧའེ་གྲོང་ཁྱེར་དེང་རབས་ཞིང་ལས་འཕེལ་རྒྱས་ལྟེ་གནས་ཀྱི་ཆུ་ཐོན་གསོ་སྤེལ་བཟོ་སྐྲུན་ཆེ་མོ་བ་ལུའོ་མིང་ཧྥེ་ནི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་བཅུ་པའི་ཤེས་ལྡན་མི་སྣ་རེད། “ཀོང་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་ཚན་པའི་རྒྱབ་སྐྱོར་ཤུགས་ཆེན་འོག ལས་དོན་ཚོགས་ཆུང་གིས་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པ་བརྒྱུད་ཉ་ཞིམ་བོད་ལྗོངས་ཀྱི་ཉིང་ཁྲི་རུ་གསོ་སྤེལ་འཕེལ་རྒྱས་གཏོང་རྒྱུར་འཚམ་པ་གཏན་འཁེལ་བྱས་པ་དང་འབྲེལ། ཉ་ཞིམ་ལྷོ་ཕྱོགས་སུ་སྤོ་རྒྱུ་དང་ལྷོ་ཕྱོགས་སུ་སྐྱེ་འཕེལ་བྱེད་པའི་ལག་རྩལ་དང་ཟུང་འབྲེལ་བྱས་ཏེ། ཉ་ཞིམ་ཐག་རིང་སྐྱེལ་འདྲེན་དང་ས་མཐོའི་གསོ་སྤེལ་སོགས་འབྲེལ་ཡོད་ལེ་ལག་ཚང་བའི་ལག་རྩལ་དང་ཇུས་གཞི་ཞིབ་འཇུག་བཟོས་ཡོད།” ལུའོ་མིང་ཧྥེ་ཡིས། ཉ་ཞིམ་བོད་ལྗོངས་སུ་སླེབས་རྗེས་ས་གནས་དེ་གའི་ཁོར་ཡུག་དང་འཚམ་པ་དང་གསོ་སྤེལ་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། 2023ལོའི་ལོ་ལེགས་དུས་ཆེན་རིང་བདེ་བླག་ངང་ཁྲོམ་རར་བཏོན་ཡོད།
མིག་སྔར། སྨིན་གླིང་ཞིང་རར་ཉ་ཞིམ་ནང་འདྲེན་བྱས་རྗེས་བྱུང་བའི་རྨང་གཞིའི་ཐོག་གསོ་སྤེལ་སྒྲིག་ཆས་མུའུ་30ལྷག་ཙམ་རིམ་བཞིན་བེད་སྤྱོད་གཏོང་བ་དང་། ཉ་འཇའ་དང་། ཉ་ལུབ། ཉ་ནག་པོ། ཉ་ཉ་སོགས་ཁྲི་30ལྷག་ཙམ་གསོ་སྤེལ་བྱེད་ཀྱི་ཡོད་པ་དང་། མེ་གླིང་ལྷོ་མའི་ཤ་སྨི་དཀར་པོ་དང་ལུའོ་ཧྲི་ཤ་སྨི་སོགས་ཁྲི་40ལྷག་ཙམ་གསོ་སྤེལ་བྱེད་ཀྱི་ཡོད་པ་རེད། སྔོན་དཔག་བྱས་ན་2024ལོར་ཉ་དང་ཤ་སྨི་རྒྱ་མ་ཁྲི་20ལྷག་ཙམ་ཐོན་སྐྱེད་བྱ་རྒྱུ་དང་ཐོན་རྫས་རིན་ཐང་ཁྲི་300ལྷག་ཙམ་ཟིན་ནས་ས་མཐོའི་ཉ་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་རྐྱང་འཕྲད་རྒྱུ་རེད།
