༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་
ཚོགས་འདུ་འཚོགས་པ།
རྣམ་གྲངས་ཁག་21ལ་གན་རྒྱ་བཞག་པ་དང་སྒོར་དུང་ཕྱུར་45.53ཟིན་པའི་མ་འཇོག་གི་གྲོས་མཐུན་བཞག་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་05ཉིན། 13:37】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།
འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཚོང་གཉེར་ཁྱབ་གདལ་ཚོགས་འདུ་བོད་ལྗོངས་གཞིས་རྩེ་རུ་འཚོགས་པ་རེད། ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་ཁྱོན་བསྡོམས་རྣམ་གྲངས་ཁག་21ལ་གན་རྒྱ་བཞག་པ་དང་སྒོར་དུང་ཕྱུར་45.53ཟིན་པའི་མ་འཇོག་གི་གྲོས་མཐུན་བཞག་པ་རེད།
འོས་སྦྱོར་ཚོགས་འདུའི་ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་བོད་ལྗོངས་ཕྱི་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་གདན་དྲངས་ནས《གཞིས་རྩེ་གྲོང་ཁྱེར་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེ་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》དང་། 《གཞིས་རྩེའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ཞིབ་འཇུག་སྙན་ཞུ》 《གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་སྤྱིའི་འཛུགས་སྐྲུན་འཆར་འགོད》བཅས་ངོ་སྤྲོད་བྱས་ཏེ་རྒྱལ་ཡོངས་ལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་འབབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཁྱད་ལྡན་ཐོན་ལས། གཟིགས་སྐྱོང་སྲིད་ཇུས་བཅས་འོས་སྦྱོར་བྱས་ནས་མ་འཇོག་བྱེད་མཁན་དེ་བས་མང་བ་བོད་ལྗོངས་གཞིས་རྩེར་མ་འཇོག་དང་ཚོང་གཉེར་ལ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
མ་འཇོག་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ནི་དཔལ་འབྱོར་སྟོབས་ལྡན་དང་ཐོན་ལས་དར་རྒྱས་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན། མགྲོན་འགུགས་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས་འགའ》བཏོན་ནས་གཟིགས་སྐྱོང་སྲིད་ཇུས་ཁག་36ཁ་གསལ་བཟོས་ཤིང་། བྱ་ཐབས་ནན་པོ་བརྒྱུད་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ནུས་ཤུགས་ཡོད་རྒུས་ས་སྤྱོད་འགན་ལེན་དང་། བྱ་དགའི་བྱ་ཐབས་བཟོས་ནས་འདོན་པ། དངུལ་རྩའི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ལག་བསྟར་དོན་འཁྱོལ་གྱི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་འཕེལ་རྒྱས་དང་ཚོང་འགྲུལ་པ་ལས་དར་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་ཡོད།
