འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་4ཉིན།

༄༅།།མཚོ་སྔོན་རྨ་སྟོད་རྫོང་གིས། འོད་ཤུགས་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གོང་
འཕེལ་ལ་རམ་འདེགས་བྱེད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་04ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཞོགས་པའི་ཉི་འོད་རྨ་ཆུའི་ཆུ་འགོར་འཕྲོས་ཤིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་རྨ་ལ་བཞི་གྲོང་ཚོས་སླར་ཡང་ནམ་མཁའ་གཡའ་དག་པའི་ཉིན་མོ་གསར་པ་ཞིག་བསུས། གསེར་འོད་ཆེམ་ཆེམ་གྱི་ཉི་མའི་འོད་མདངས་འོག་ས་མཐོའི་གྲོང་ཚོ་དག་ཀྱང་བཀྲག་མདངས་རབ་ཏུ་འཚེར།
    རྨ་ལ་བཞི་གྲོང་ཚོའི་བྱང་སྣེར་ཡོད་པའི་ས་སྟོང་ཞིག་གི་ཐོག་ཏུ་ཉི་ནུས་འོད་ཤུགས་གློག་པང་གྲལ་སྟར་འགྲིག་པོར་བསྒྲིགས་ཤིང་། འོད་སྟོང་འཕྲོ་བའི་ཉི་འོད་ལྗང་མདོག་གློག་ནུས་སུ་བསྒྱུར་ནས་གློག་སྐུད་བརྒྱུད་ཐག་རིང་དུ་བཏང་། ཉེ་བའི་ལོ་ཤས་རིང་འོད་ཤུགས་ཐོན་ལས་ཀྱི་དྲིན་ལས་ས་གནས་དེ་གའི་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། འོད་ཤུགས་གློག་ཁང་དེའང་ཕྱུག་འགྱུར་འབབ་འཕར་གྱི“ཉི་འོད་བཟོ་གྲྭར”གྱུར།
     “2023ལོར་ང་ཚོའི་གྲོང་ཚོར་འོད་ཤུགས་གློག་ཁང་གི་ཡོང་འབབ་བགོ་བཤའ་བརྒྱབ་པ་ལས་འབབ་འཕར་སྒོར་ཁྲི་17བྱུང་སོང”འོད་ཤུགས་གློག་ཁང་གི་རྣམ་གྲངས་ལག་བསྟར་བྱས་པ་ལས་ཕ་ཡུལ་གྱི་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པ་མ་ཟད། རང་ཉིད་ལའང་སྒོ་འགྲམ་ནས་ལས་ཀ་བརྟན་པོ་ཞིག་རག་ཡོང་བསམ་པ་རྨ་ལ་བཞི་གྲོང་ཚོའི་གྲོང་མི་ཨ་བློའི་བསམ་ཡུལ་ལས་འདས།
    རྨ་སྟོད་རྫོང་དེ་ཉིད་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོ་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་པ་དང་། དེ་གའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་4མན་ཡིན་པ། གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་59%ལས་ཟིན་གྱི་མེད།
   “ཐོན་ལས་གང་ཞིག་དར་སྤེལ་བཏང་ན་ཡག་པོ་ཡོད་པ་དང་ཐོན་ལས་གང་ཞིག་ས་གནས་དེ་ག་དང་འཚམ་པོ་ཡོད་མེད་ལ་སྐབས་དེ་དུས་ཚོད་ལྟ་སྣ་ཚོགས་བྱེད་རྒྱུ་ལས་མ་འདས”རང་བྱུང་ཆ་རྐྱེན་ཞན་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། ཆ་འཕྲིན་གསང་པོ་མེད་པ་བཅས་ཀྱི་དབང་གིས་རྨ་སྟོད་རྫོང་ལ་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་ངལ་ཡུན་རིང་འཕྲད་ཡོད་ཅེས་གྲོང་ཚོར་བཅའ་སྡོད་རྨ་ལ་བཞི་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཀུའོ་ལུའུ་ཡིས་བཤད།
    འཛམ་གླིང་གི་གླིང་སྣེ་གསུམ་པར་གནས་པའི་རྨ་སྟོད་རྫོང་དུ་མཁའ་རླུང་གཙང་ཞིང་ཉི་འོད་འཕྲོ་ཤུགས་ཆེ་བས། འོད་ཤུགས་གློག་ཁང་བསྐྲུན་རྒྱུ་དེ་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་གདམ་ག་དང་པོར་གྱུར། རྨ་སྟོད་རྫོང་གི་དམིགས་འཛུགས་རོགས་སྐྱོར་ཚན་པ་ཡིན་པའི་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་2016ལོ་དང་2018ལོར་མ་དངུལ་སྒོར་དུང་ཕྱུར་1.25བཏང་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དུ་ཀྲའོ་ཝ་10ཡི་ས་གནས་གཞན་གྱི་འོད་ཤུགས་གློག་ཁང་བསྐྲུན་པ་དང་། རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་དུ་ཀྲའོ་ཝ་4.4ཡི་གྲོང་ཚོ་རིམ་པའི་འོད་ཤུགས་གློག་ཁང་བསྐྲུན་ཡོད།
    གློག་ཁང་དེ་གཉིས་ཀྱི་ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི་2700ཟིན་པ་དང་། འོད་ཤུགས་གློག་གཏོང་ཡོང་འབབ་དེ་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་30ཡི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་རྒྱབ་སྐྱོར་བྱེད་པར་སྤྱད་པ་རེད།
    “འོད་ཤུགས་གློག་ཁང་གི་རྣམ་གྲངས་ལག་བསྟར་བྱས་རྗེས་གྲོང་ཚོའི་མཉམ་སྡེབ་ལ་ལོ་20ཡན་གྱི་འོད་ཤུགས་གློག་གཏོང་གི་ཡོང་འབབ་བརྟན་པོ་རག་ངེས་ཡིན་ལ། གྲོང་མི་ཁག་གཅིག་གིས་ད་དུང་འོད་ཤུགས་ཁེ་སྤོགས་བཀོད་སྒྲིག་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་བརྟེན་ནས་སྒོ་འགྲམ་དུ་ལས་ཞུགས་ཐུབ་སྟེ་འབབ་འཕར་བྱུང་ཡོད” རྫོང་ཡོངས་ཀྱིས་འོད་ཤུགས་ཀྱི་ཡོང་འབབ་ལ་བརྟེན་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་77བཀོད་སྒྲིག་བྱས་པའི་ནང་རྨ་ལ་བཞི་གྲོང་ཚོར་ལས་གནས་7བཀོད་སྒྲིག་བྱས་ཡོད་ཅེས་ཀུའོ་ལུའུ་ཡིས་ངོ་སྤྲོད་བྱས་བྱུང་།
    འདི་ལོའི་ཟླ་4པའི་ཟླ་མཇུག་བར་རྨ་སྟོད་རྫོང་གི་འོད་ཤུགས་གློག་ཁང་གི་རྣམ་གྲངས་ཀྱིས་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1.86ཟིན་ནས་ཡོང་འབབ་སྒོར་ཁྲི་7221བྱུང་བ་དང་། འོད་ཤུགས་ཀྱི་ཡོང་འབབ་བརྟན་པོ་བྱུང་བ་ལས་རྨ་སྟོད་རྫོང་དབུལ་བྲལ་ཞྭ་འབུད་ཐུབ་པ་མ་ཟད། རྫོང་ཡོངས་ཀྱི་མང་ཚོགས་ཕྱུག་འགྱུར་ཤེས་དཔལ་གྱི་གྲོང་གསེབ་དར་རྒྱས་ཀྱི་འགྲོ་ལམ་གསར་པར་ཡང་བསྐྱོད་ཐུབ་པ་བྱུང་ཡོད།
    ད་ཆ་ཨ་བློས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ཉིན་ལྟར་གྲོང་ཚོ་ཨུ་ལྷན་གཉིས་སུ་ཆ་འཕྲིན་གྱི་དཔྱད་ཡིག་ལེགས་སྒྲིག་བྱེད་རོགས་བྱེད་པར་བསྐྱོད་ནས་ནུས་པས་ལྕོགས་ཚོད་ཀྱི་ལས་ཀ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཁོ་མོས་གྲོང་ཚོ་དེ་གའི་མཉམ་ལས་ཁང་གི་ཐོན་སྐྱེད་འཁོར་ཁང་གི་གཙང་སྦྲའི་འགན་ཡང་འཁུར་བཞིན་ཡོད། “ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བྱེད་རྒྱུ་བྱུང་ཁར། ཞོར་ལ་སློབ་གྲྭར་འགྲོ་བཞིན་པའི་གཅུང་མོ་གཉིས་ལའང་ལྟ་རྟོག་བྱེད་ཐུབ་ཀྱི་འདུག”ཅེས་ད་ལྟའི་འཚོ་བའི་སྐོར་གླེང་སྐབས་ཨ་བློའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།
    དབུལ་སྐྱོར་འོད་ཤུགས་གློག་ཁང་བརྟན་པོ་དང་འཁོར་སྐྱོད་ནུས་ཆེ་དང་རིག་ནུས་ཅན་གྱི་དོ་དམ་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་ད་དུང་ནུས་རྒྱུ་གསར་པའི་གྲངས་གཞི་ཆེན་པོའི་ལྟེ་གནས་ལ་བརྟེན་ནས་ལག་རྩལ་གསར་གཏོད་བྱས་པས། འོད་ཤུགས་གློག་ཁང་གི་བཀོལ་སྤྱོད་བདག་སྐྱོང་གི་ལས་ཕྱོད་མཐོ་རུ་དང་བཀོལ་སྤྱོད་བདག་སྐྱོང་གི་མ་གནས་དམའ་རུ་ཕྱིན་པ་མ་ཟད། འོད་ཤུགས་ཀྱི་ཡོང་འབབ་འདང་ངེས་དང་དུས་ཐོག་ཏུ་སྤྲོད་ཐུབ་པའི་འགན་ལེན་ཡང་ཐུབ་ཡོད།
    ད་ཆ་རྨ་ཆུའི་ཆུ་འགོའི་རྨ་སྟོད་རྫོང་དུ་ཉི་འོད་དེ་འབྲོག་པའི་འཚོ་བའི་ནང་གི་རྩ་ཆེ་ཤོས་ཀྱི་རྒྱུ་ནོར་ལ་གྱུར་ཞིང་། ཁོང་ཚོ་བདེ་སྐྱིད་འཚོ་བའི་ཕྱོགས་སུ་སྐྱོད་པའི་ལམ་བུ་ཇེ་གསལ་ཏུ་སོང་།