འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་4ཉིན།

༄༅།།2024ལོའི“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་
བྱེད་སྒོའི”ས་ཚིགས་དང་པོ་བདེ་ཆེན་དུ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་04ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་2024ལོའི“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོའི”ས་ཚིགས་དང་པོ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
   ད་ཐེངས་ཀྱི་བྱེད་སྒོ་དེ་ཡུན་ནན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་དང་ལི་ཅང་གྲོང་ཁྱེར་དུ་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། རིག་རྩལ་འཁྲབ་སྟོན། ལུས་རྩལ་འགྲན་བསྡུར། སློབ་ཁང་གི་སློབ་ཁྲིད། རིག་གནས་དངོས་མང་འགྲེམས་སྟོན། དམངས་སྲོལ་བྱེད་སྒོ་སོགས་རྒྱ་ཁྱབ་དང་གཏིང་ཟབ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།
   འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་འཐབ་ཇུས་ལས་འགན་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་སྙིང་བཅུད་དང་། ནང་དོན་གཏིང་ཟབ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ལག་ལེན་ཁྲོད་ཀྱི་བསམ་པའི་གཞི་རྒྱུར་ཞུན་བརྡར་གཏིང་ཟབ་སྤྲོད་པ། ནང་དོན་གསར་པ་ཕུན་སུམ་ཚོགས་སུ་གཏོང་བ། རྣམ་པ་གསར་པ་གསར་གཏོད་བྱེད་པ། ཕན་འབྲས་གསར་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།