འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་3ཉིན།

༄༅།།རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་མཁན་རྐང་འཛིན་
མི་སྣར་འཚར་ལོངས་ཡོང་བ་བྱེད་ཀྱི་ཡིན།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲི་ཅང་སློབ་ཆུང་གི་སློབ་མར་འཕྲིན་ལན་སྤྲིངས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་03ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་5ཚེས་30ཉིན། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་མ་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་མ་ཟད། ཁོང་ཚོ་དང་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པ་ཚོར་དུས་ཆེན་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུས་པ་རེད།
    བྱམས་བརྩེའི་འཚམས་འདྲི་དང་མངགས་བཅོལ་ཟབ་མོ་གནང་བར། ས་གནས་ཁག་གི་སློབ་མ་དང་། ཁྱིམ་བདག སློབ་གསོའི་ལས་དོན་པ་བཅས་ཀྱི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།
    ཀྲི་ཅང་སློབ་ཆུང་ནི་ཀྲེ་ཅང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྲུན་རྣམ་གྲངས་ཀྱི་སློབ་གྲྭ་ཞིག་རེད། 2004ལོའི་ཟླ་5པར། སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བཞིན་པའི་ཞི་ཅིན་ཕིང་སྐུ་ངོ་མ་ཀྲི་ཅང་སློབ་ཆུང་གི་སློབ་གྲྭ་གསར་པའི་རྩིག་རྨང་འདིང་བའི་བྱེད་སྒོར་ཞུགས་ཡོད། ཉེ་ཆར། སློབ་གྲྭའི་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་སློབ་མ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྙན་སེང་ཞུས་ཏེ་དྲིན་ཚོར་གྱི་བསམ་པ་དང་དུས་རབས་གསར་པར་ལོ་ཆུང་བྱིས་པ་ཡག་པོ་ཞིག་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།
    “སྤོ་བོ་ཞི་ལགས་ཀྱི་འཕྲིན་ལན་མགྱོགས་པོ་འདི་འདྲ་འབྱོར་ཡོང་བསམས་མ་བྱུང་། ང་ཧ་ཅང་དགའ་པོ་བྱུང”ཞེས་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་ཕུལ་མཁན་སློབ་མ་ཐང་ཧའེ་ལིང་གིས་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད། “སྤོ་བོ་ཞི་ལགས་ཀྱི་འཕྲིན་ཡིག་ནང་སློབ་ཕྲུག་ཚོས་སློབ་སྦྱོང་ལ་འབད་བརྩོན་དང་། ངལ་རྩོལ་ལ་དགའ་ཞེན། བདེ་ཐང་དང་དགའ་སྤྲོའི་ངང་འཚར་ལོངས་ཡོང་བ་བཅས་བྱེད་དགོས་ཞེས་གསུངས་པ་མ་ཟད། ང་ཚོར‘ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི’བཀའ་སློབ་ཀྱང་གནང་བྱུང་། ད་ཆ་སློབ་སྦྱོང་དང་འཚོ་བ་ཧ་ཅང་བདེ་སྐྱིད་དང་ཕུན་སུམ་ཚོགས་པོ་ཡོད་པས། ངས་མུ་མཐུད་སློབ་སྦྱོང་ཧུར་ཐག་དང་འབད་འབུངས་ཡར་བརྩོན་བྱས་ཏེ། སླད་ཕྱིན་རང་ཉིད་ཀྱི་བློ་ལ་ཡོད་པའི་སློབ་ཆེན་ཞིག་ལ་རྒྱུགས་འཕྲོད་པ་བྱེད་ཀྱི་ཡིན་ལ། ཕ་ཡུལ་དུ་ལོག་ནས་དགེ་རྒན་ཞིག་བྱས་ཏེ་བདེ་སྐྱིད་དེ་བརྒྱུད་སྤྲོད་བྱེད་ཀྱི་ཡིན”ཞེས་བཤད།
   “སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང་ལོ་20ཡི་གོང་སློབ་གྲྭའི་རྩིག་རྨང་བཏིང་བའི་གནས་ཚུལ་དྲན་གསོ་གནང་འདུག་པས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང”ཀྲི་ཅང་སློབ་ཆུང་གི་སློབ་སྤྱི་ཁྲེན་ཀྲེན་ཡཱ་ཡིས་སློབ་གྲྭས་ཀྲེ་ཅང་གི་རོགས་སྐྱོར་འཛུགས་སྐྲུན་གྱི་གཏམ་རྒྱུད་གཙོ་བོར་བྱེད་པའི་དྲིན་ཚོར་སློབ་གསོ་སྤེལ་བ་དང་ཀུན་སྤྱོད་མི་སྐྱོང་གི་མ་ལག་བཙུགས་ནས་ཕྲུ་གུ་ཚོའི་དྲིན་ཚོར་གྱི་བསམ་པ་དང་། ཡར་བརྩོན་གྱི་བསམ་པ། རྒྱལ་གཅེས་ཀྱི་བསམ་པ་བཅས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་ཀྱི་ཡོད་ཅེས་བཤད།
   རོགས་སྐྱོར་མ་བྱས་གོང་གི་སློབ་གྲྭའི་སློབ་ཁང་རྙིང་པ་དང་རི་མཐོ་ལ་ལམ་གཟར་པོ་ཡོད། ད་ཆ་དཔེ་མཛོད་ཁང་དང་། འདེབས་འཛུགས་ལྡུམ་ར། འགྱིག་བཟོས་རྒྱུག་ལམ་སོགས་མཁྲེགས་ཆས་སྒྲིག་བཀོད་ཆ་ཚང་པོ་ཡོད།
    སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་ནང“སློབ་གྲྭ་ཡག་པོ་གཉེར་འདུག”ཅེས་འཁོད་ཡོད། སློབ་གྲྭའི་འགྱུར་ལྡོག་ལ་དཔང་པོ་བྱེད་མཁན་དགེ་རྒན་རྒན་གྲས་ཅ་ཞའོ་ཅུན་གྱིས་སེམས་འགུལ་ཆེན་པོས“སྤྱི་ཁྱབ་ཧྲུའུ་ཅིས་གདེང་འཇོག་དང་སྐུལ་ལྕག་དེ་ལྟར་གནང་བས། ང་ཚོ་དགེ་རྒན་ཚོའི་ལས་སྒྲུབ་དང་བྱ་གཞག་གཏོད་པའི་ཁ་ཕྱོགས་གསལ་དུ་ཕྱིན་སོང་། མིག་སྔར་སློབ་གཉེར་ཆ་རྐྱེན་ལེགས་སུ་ཕྱིན་པས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་ནུས་པ་ཆེན་པོ་ཐོན་ཡོད། ང་ཚོས་མུ་མཐུད་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་སློབ་ཁྲིད་ཧུར་ཐག་བྱས་ཏེ་ཕྲུ་གུ་ཚོ་འཚར་ལོངས་ཡོང་བར་ལམ་སྣེ་ཁྲིད་མཁན་ཡག་པོ་ཞིག་བྱེད་ཀྱི་ཡིན”ཞེས་བཤད།
    སི་ཁྲོན་དང་ཀྲེ་ཅང་ས་ཁུལ་གཉིས་དབར་ཐོག་མཐའ་བར་གསུམ་དུ་རོགས་སྐྱོར་འཛུགས་སྐྲུན་གྱི་མཛའ་གྲོགས་རྒྱུན་མཐུད་བྱས་ཡོད། ཉིང་པོ་གྲོང་ཁྱེར་པེ་ལུན་ཆུས་དང་སི་ཁྲོན་ཞིང་ཆེན་མེ་ཀུའུ་རྫོང་གིས་2021ལོ་ནས་བཟུང་ཤར་ནུབ་མཉམ་ལས་བྱས་ཚུན། སྔ་རྗེས་སུ་དགེ་རྒན་20སི་ཁྲོན་གྱི་སློབ་ཆུང་མང་པོར་རོགས་སྐྱོར་བྱེད་པར་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་པེ་ལུན་ཆུས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ལི་ཧའེ་ཏ་ཡིས་ལས་དོན་དེ་ཡག་པོ་སྒྲུབ་པའི་ཆོད་སེམས་བརྟན་དུ་ཕྱིན་ཡོད།
    “སློབ་གསོའི་རོགས་སྐྱོར་ནི་ཕྱོགས་རྐྱང་པའི་རོགས་སྐྱོར་ཞིག་མིན་པར། ཕྱོགས་གཉིས་དབར་གླེང་མོལ་དང་། མཉམ་ལས། ནུས་པ་འདོན་སྤེལ་བཅས་བྱེད་དགོས”ལི་ཧའེ་ཏ་ཡིས་གོམ་སྟབས་རྗེས་མར། རོགས་སྐྱོར་དགེ་རྒན་གཏོང་ཚད་མང་དུ་བཏང་ནས་སློབ་གྲྭ་དང་། དགེ་རྒན། འཛིན་གྲྭ སྤྱི་ཚོགས་ཆ་སྒྲིག་སོགས་རོགས་སྐྱོར་བྱེད་ཐབས་སྣ་ཚོགས་འཚོལ་ཞིབ་བྱ་རྒྱུ་མ་ཟད། མཉེན་ཆས་དང་མཁྲེགས་ཆས་སྒྲིག་བཀོད་ལེགས་སུ་ཧུར་ཐག་བཏང་ནས་རི་ཁུལ་གྱི་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་དེ་བས་ལེགས་པའི་ཁོར་ཡུག་སྐྲུན་གྱི་ཡིན་ཞེས་བཤད།
    དུས་རབས་གསར་པའི་ཉི་འོད་འོག རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་འབད་འབུངས་ཡར་བརྩོན་ངང་འཚར་ལོངས་ཡོང་བཞིན་ཡོད།
   རི་ཁུག་ཏུ་གནས་པའི་ཧྲའན་ཤིས་ཀྲའོ་ཅིན་པེ་ལེང་དམར་དམག་སློབ་ཆུང་ནས་དཔེ་དེབ་ཀློག་པའི་སྒྲ་ལྷང་ལྷང་དུ་གྲགས། “དྲུག་གཅིག”གི་གྱེར་འདོན་ལེ་ཚན《མཛད་རྗེས་རྡོ་རིང》ཞེས་པར་ཞུགས་མཁན་སློབ་མ་ཝང་དབྱི་ལིང་གིས་དགེ་རྒན་གྱིས་གསུངས་པའི་སྤོ་བོ་ཞི་ལགས་ཀྱི་མངགས་བཅོལ་ཟབ་མོ་བློ་རྩེ་གཅིག་སྒྲིམ་གྱིས་ཉན་བཞིན“སྤོ་བོ་ཞི་ལགས་ཀྱིས‘ཕུགས་བསམ་ཆེན་པོ་འཛུགས་པ་དང་མཛེས་སྡུག་ལྡན་པའི་དུས་རབས་ལ་གཅེས་སྤྲས་བྱེད་དགོས’ཞེས་གསུངས་འདུག ང་གསར་བརྗེའི་གཏམ་རྒྱུད་ཚོགས་པར་ཞུགས་རྗེས། དེ་རིང་གི་བདེ་སྐྱིད་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས་བྱུང་། ངས་ལོ་རྒྱུས་དང་རིག་གནས་ཤེས་བྱ་ཡག་པོ་སྦྱངས་ནས་འབྱུང་འགྱུར་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱེད་ཀྱི་ཡིན”ཞེས་ཝང་དབྱི་ལིང་གིས་བཤད།
    ཀྲའོ་ཅིན་པེ་ལེང་དམར་དམག་སློབ་ཆུང་གི་དགེ་རྒན་ཝང་ལི་ལིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་གསར་བརྗེའི་སློབ་གསོའི་སློབ་ཚན་བཀོད་སྒྲིག་དང་གསར་བརྗེའི་སློབ་གསོའི་བྱེད་སྒོ་གསར་གཏོད་བྱས་ཏེ་སློབ་ཕྲུག་ཚོར་ཕུགས་བསམ་ཆེན་པོ་འཛུགས་རོགས་བྱེད་ཀྱི་ཡིན་ལ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་མཁན་དང་ལག་ལེན་བྱེད་མཁན་ཡག་པོ་ཞིག་བྱེད་ཀྱི་ཡིན་ཞེས་བཤད།
   “ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་གསུངས་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐུགས་རེ་ཟབ་མོ་གནང་བ་ཞིག་རེད།
     ན་ནིང་གི“དྲུག་གཅིག”གི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ཡུས་དབྱིང་སློབ་གྲྭར་རྟོག་ཞིབ་གནང་ཞིང་། “སྐབས་དེར་སྤོ་བོ་ཞི་ལགས་ཀྱིས་ང་ཚོར་གཟུགས་པོ་ཐང་པོ་བྱུང་ན། གཞི་ནས་སླད་ཕྱིན་གྱི་མི་ཚེའི་སློབ་སྦྱོང་དང་ལས་ཀར་རྨང་གཞི་ཡག་པོ་འདིང་ཐུབ་ཅེས་གསུངས་བྱུང”པེ་ཅིང་ཡུས་དབྱིང་སློབ་གྲྭའི་ལོ་རིམ་ལྔ་པའི་སློབ་མ་ཀྲའོ་ཁྲེན་གྱིས་སྤོབས་པ་ཆེན་པོས་ལོ་གཅིག་རིང་ངས་རྒྱུག་ཤར་དང་ཐག་མཆོང་སོགས་ཀྱི་འགྲན་བསྡུར་ནང་ཞུགས་པ་དང་། ད་དུང་རང་འགུལ་ངང་ནང་ལས་ཀྱང་བྱས་པ་མ་ཟད། ངལ་རྩོལ་ལ་བརྟེན་ནས་གཟུགས་པོར་སྦྱོང་བརྡར་བྱེད་ཀྱི་ཡོད་ཅེས་བཤད།
    ཀྲའོ་ཁྲེན་གྱི་ཨ་མ་ཙེང་རུང་གིས་ཕུན་སུམ་ཚོགས་པའི་ལུས་རྩལ་སྦྱོང་བརྡར་གྱིས་ཕྲུ་གུར་དགེ་མཚན་ལྡན་པའི་འགྱུར་ལྡོག་མང་པོ་བྱུང་བ་མཐོང་བཞིན“ཁྱིམ་བདག་གི་ངོས་ནས་སློབ་གསོ་ཡག་ཤོས་ནི་རང་དཔེ་གཞན་སྟོན་གྱིས་ཕྲུ་གུ་ཚོར་ལག་ལེན་ལ་བརྩོན་པའི་གོམས་གཤིས་འཇགས་པར་བྱས་ཏེ། ཁོང་ཚོ་སེམས་ཁམས་བདེ་ཐང་དང་། གཤིས་ཀ་བཟང་བ། ཕྱོགས་ཡོངས་འཚར་ལོངས་ཡོང་བ་བཅས་བྱེད་དགོས”ཞེས་བཤད།
    “ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་བྱིས་པ་བཟང་པོ་གསོ་སྐྱོང་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན”ཀྲུང་གོ་བྱིས་པའི་ལྟེ་གནས་སྤྲོ་སྣང་གསོ་སྐྱོང་པུའི་ཁྲུའུ་ཀྲང་ཀའོ་ཡུན་གྱིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གཞིར་བཟུང་སློབ་ཚན་གྱི་རྣམ་པ་སྔར་བས་ལེགས་སུ་བཏང་བ་དང་ཚན་རྩལ་དང་། མཛེས་རྩལ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤྲོ་སྣང་ཚོགས་ཆུང་གི་སློབ་ཚན་100ལྷག་ཙམ་ཞིབ་སྤེལ་བྱས་ཏེ་ལོ་ཆུང་བྱིས་པའི་ཕྱོགས་བསྡུས་བྱང་ཚད་སྐྱེད་སྲིང་བྱས་ཡོད”ཅེས་བཤད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྲུ་གུ་ཚོར“ཏང་གཅེས་རྒྱལ་གཅེས་དང་། རང་ཚུགས་རང་དར། འབད་འབུངས་ཡར་བརྩོན་བཅས་བྱས་ནས་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བྱེད་དགོས”པའི་རེ་བ་བཏོན་གནང་ཡོད་པས། ཁྲུང་ཆིང་གྲོང་ཁྱེར་ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཤང་སློབ་ཆུང་གི་སློབ་སྤྱི་མུའུ་ཞའོ་དབྱང་ལ་ཕྲག་སྟེང་གི་འགན་འཁྲི་ལྕི་རུ་སོང་བའི་ཚོར་སྣང་བྱུང་ཡོད།
    “སློབ་མ་འཚར་ལོངས་དང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་སློབ་གྲྭའི་ལྟེ་བའི་ལས་དོན་ཡིན། སློབ་གྲྭས་སློབ་གསོ་ལྔ་མཉམ་སྤེལ་དོན་འཁྱོལ་བྱས་ནས་སློབ་གསོའི་སློབ་ཚན་མ་ལག་རྒྱུན་མཐུད་ཕུན་སུམ་ཚོགས་སུ་གཏོང་བ་དང་སློབ་གསེང་གི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ཏེ་སྤུས་ཚད་དེ་བས་མཐོ་བའི་རྨང་གཞིའི་སློབ་གསོས་ཕྲུ་གུ་ཚོར་མི་ཚེའི་རྨང་གཞི་དང་འཚར་ལོངས་ཀྱི་ལམ་བུ་འདིང་གི་ཡིན”ཞེས་མུའུ་ཞའོ་དབྱང་གིས་བཤད།
    ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་དང་སྤྱི་ཚོགས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།
   གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཨུད་ལོ་ཆུང་པུའི་པུའུ་ཀྲང་ཞུས་ཐུང་གིས“སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ནས་ང་ཚོས་ལོ་ཆུང་བྱིས་པའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ཨང་དང་པོར་འཇོག་པ་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་མཐའ་འཁྱོངས་བྱེད་པ། ཏང་དང་། སྡེ་ཚོགས། གདོང་ལེན་རུ་ཁག་བཅས་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། དབྱར་སྒར་དགུན་སྒར་དང་ལོ་ཆུང་གི་དམག་དོན་སློབ་གྲྭ་སོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བ། ཡུལ་བབ་དང་སློབ་མའི་ཁྱད་ཆོས་དང་བསྟུན་ནས་སྐས་རིམ་རྣམ་པའི་འཚར་ལོངས་ཀྱི་སྐུལ་འདེབས་མ་ལག་ཡག་པོ་སྤྱོད་པ་བཅས་བྱས་ནས་རྒྱ་ཆེའི་ལོ་ཆུང་བྱིས་པ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་མཁན་གྱི་རྐང་འཛིན་མི་སྣར་འགྱུར་བར་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།