《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
༄༅།།ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་
གནས་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་02ཉིན། 10:32】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་11པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་བླང་བྱ་དང་ཤུགས་རྒྱག་ས་གཙོ་བོ་ཞིག་ཡིན》ཞེས་པ་བཀོད་ཡོད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། དུས་རབས་གསར་པ་ནས་བཟུང་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དང་རང་རྟོགས་བྱ་སྤྱོད་དུ་གྱུར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་བརྗོད་དོན་གཙོ་བོར་གྱུར་ཡོད། དུས་མཚུངས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་ད་དུང་འབོར་ཆེན་གནས་པས་དེར་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱེད་དགོས།
ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་བསྙོན་མེད་དོན་དམ་ཡིན་པ་བློ་ལ་བརྟན་པོར་ངེས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་མགྱོགས་སུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤྱི་འདོམས་བྱེད་པ་སོགས་འཐབ་ཇུས་ཀྱི་ལས་འགན་དོན་འཁྱོལ་གནད་ལ་འཁེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོ་འདིང་དགོས།
རྩོམ་ཡིག་ནང་བསྟན་དོན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གཙོ་བོ་ཞིག་རེད། ངས་ཐོན་སྐྱེད་ནུས་ཤུགས་གསར་མ་ཞེས་པའི་ཐ་སྙད་འདི་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལས་འགན་གལ་ཆེན་འདི་འདོན་དོན་གཙོ་བོ་ནི། ཐོན་སྐྱེད་ནུས་ཤུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་རྩ་བའི་སྒུལ་ཤུགས་ཡིན་ལ། སྤྱི་ཚོགས་འཕོ་འགྱུར་དང་ཆབ་སྲིད་འཕོ་འགྱུར་མཐའ་དག་གི་མཐར་ཐུག་གི་རྒྱུ་རྐྱེན་ཡང་ཡིན་པར་བསམ་གཞིག་བྱས་པ་ཞིག་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོན་སྐྱེད་ནུས་ཤུགས་ཀྱི་རིགས་པའི་གཞུང་ལུགས་གསར་པས་མཛུབ་ཁྲིད་བྱེད་དགོས་མོད། འོན་ཀྱང་ཐོན་སྐྱེད་ནུས་ཤུགས་གསར་མ་ལག་ལེན་གྱི་ཁྲོད་དུ་ཆགས་པ་དང་འབྲེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་དང་འདེགས་སྐྱོར་གྱི་ནུས་པ་ཆེན་པོ་ལྡན་པ་མངོན་པས། ང་ཚོས་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཕྱོགས་སྡོམ་དང་སྙིང་བསྡུས་བྱས་ཏེ་འཕེལ་རྒྱས་ཀྱི་ལག་ལེན་གསར་པར་མཛུབ་ཁྲིད་བྱེད་དགོས། མདོར་བསྡུས་ནས་བཤད་ན། ཐོན་སྐྱེད་ནུས་ཤུགས་གསར་མ་ནི་གསར་གཏོད་ཀྱིས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པ་དང་། སྲོལ་རྒྱུན་གྱི་དཔལ་འབྱོར་འཕར་སྟངས་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཐབས་ལམ་ནས་ཐར་བ། ཚན་རྩལ་མཐོ་བ་དང་། ཕན་ནུས་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་ཀྱི་སྤུས་ཚད་རྣམ་པ་འཚམ་པ་བཅས་ཡིན། དེ་ནི་ལག་རྩལ་གསར་བརྗེའི་རང་བཞིན་གྱི་འགག་སྒྲོལ་དང་། ཐོན་སྐྱེད་གཙོ་རྒྱུའི་གསར་གཏོད་རང་བཞིན་གྱི་བཀོད་སྒྲིག ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གཏིང་ཟབ་བྱས་པ་བཅས་ལས་བྱུང་བ་དང་། ངལ་རྩོལ་པ་དང་། ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་དང་དེ་བཞིན་དེའི་ལེགས་སྒྱུར་སྡེབ་སྒྲིག་གི་མཆོང་སྐྱོད་གཞི་རྩའི་ནང་དོན་དུ་བྱེད་པ་དང་གཙོ་རྒྱུ་ཀུན་འདུས་ཐོན་སྐྱེད་བྱེད་ཆོད་ཆེས་ཆེར་མཐོ་རུ་འགྲོ་བ་དེ་ལྟེ་བའི་མཚོན་རྟགས་སུ་བྱས་པས་ཁྱད་ཆོས་ནི་གསར་གཏོད་ཡིན་པ་དང་། འགག་རྩ་ནི་སྤུས་ལེགས་ལ་ཐུག་པ། ངོ་བོ་ནི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་བཅས་ཡིན།
རྩོམ་ཡིག་ནང་བསྟན་དོན། ཐོན་སྐྱེད་ནུས་ཤུགས་གསར་མའི་མངོན་གསལ་དོད་པའི་ཁྱད་ཆོས་ནི་གསར་གཏོད་ཡིན་ཞིང་། དེའི་ནང་ལག་རྩལ་དང་ལས་རྣམ་ཐད་ཀྱི་གསར་གཏོད་ཚུད་ཡོད་ལ་དོ་དམ་དང་ལམ་ལུགས་ཐད་ཀྱི་གསར་གཏོད་ཀྱང་ཚུད་ཡོད། ངེས་པར་དུ་གསར་གཏོད་ཀྱི་རྩོམ་ཡིག་ཆེན་པོ་འདི་མུ་མཐུད་ནས་ལེགས་པར་བརྩམས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། གཅིག་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། ཐོན་སྐྱེད་ནུས་ཤུགས་གསར་མ་ནི་གཙོ་བོ་ལག་རྩལ་གསར་བརྗེའི་རང་བཞིན་གྱི་ཚད་བརྒལ་ལས་བྱུང་བ་ཞིག་ཡིན། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ཤུགས་གསར་པ་བཅས་སྐྱེད་སྲིང་ཐུབ་པས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལྟེ་བའི་རྒྱུ་རྐྱེན་ཡིན། དེའི་ཐོག་ནས་ང་ཚོས་ཚན་རྩལ་གསར་གཏོད་དང་ལྷག་པར་དུ་གསར་གཏོད་རང་བཞིན་དང་ཕན་འབྲས་ཆེ་བའི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་མྱུར་མངོན་འགྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གཉིས་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ཤིང་། ཚན་རྩལ་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་བ་དང་། དེའི་མཚོན་ཚུལ་ནི་ཐོན་ལས་གསར་པ་སྐྱེད་སྲིང་དང་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དུས་ཐོག་ཏུ་ཐོན་ལས་དང་ཐོན་ལས་འཁོར་འབྲེལ་ཐོག་བེད་སྤྱོད་བྱས་ཏེ་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་འཛུགས་སྐྲུན་བཅས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གསུམ་ནས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རྟེན་ཡིན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་ནི་མ་གཞི་ནས་ལྗང་མདོག་ཐོན་སྐྱེད་ནུས་ཤུགས་ཡིན། ངེས་པར་དུ་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སྒྱུར་ལ་འགྱུར་མགྱོགས་སུ་བཏང་ནས་ཐཱན་རྩེར་སོན་དང་ཐཱན་ཚད་སྙོམས་སྦྱོར་ལ་རམ་འདེགས་བྱེད་དགོས། བཞི་ནས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། ཐོན་སྐྱེད་འབྲེལ་བ་དེ་ངེས་པར་དུ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་བླང་བྱ་དང་འཚམ་པར་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་དེ་དང་འཚམ་པའི་ཐོན་སྐྱེད་འབྲེལ་བ་གསར་པ་ཆགས་པར་བྱེད་དགོས། ལྔ་ནས་ཤེས་ལྡན་པའི་ལས་ཀའི་ལམ་སྲོལ་གསར་གཏོད་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་བླང་བྱ་ལྟར་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཤར་གཏོང་ཐུབ་པ་བྱས་ཏེ་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། འཁོར་རྒྱུག་ལུགས་མཐུན་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
