འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་31ཉིན།

༄༅།།བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ་མང་ཚོགས་ཀྱི་ཐོབ་སྣང་
ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་31ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་ལྔའི་རིང་། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་བདེའི་སྲིད་འཛིན་དོ་དམ་ཞབས་ཞུའི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། དུས་ཡུན་ཐུང་དུ་དང་ལག་ཁྱེར་ཉུང་དུ་གཏོང་བ་དང་། དུས་འགྱངས་ཞབས་ཞུ། ལག་ཁྱེར་གཉེར་བའི“ཐོགས་མེད་བགྲོད་ལམ”སོགས་ཀྱི་དམངས་ལ་སྟབས་བདེ་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་བཏོན་པ་དང“དྲ་སྦྲེལ+སྤྱི་བདེའི་སྲིད་དོན་ཞབས་ཞུའི”ལས་སྟེགས་ཟམ་མི་ཆད་པར་ལེགས་སྒྱུར་རིམ་སྤོར་བྱས་པས། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་དོན་ཚན་ཁག་74“དྲ་ཐོག་ནས་གཉེར་བ་དང་། སྦར་མཐིལ་ནས་གཉེར་བ། ཐེངས་གཅིག་ལ་གཉེར་བ”བཅས་མངོན་འགྱུར་བྱུང་བ་དང་། སྤྱི་དམངས་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་ལག་ཁྱེར་དང་ཐེམ་ཐོ་སྤོ་སྒྱུར་སོགས་ཀྱི་སྤྱི་བདེའི་ལས་སྒོ་འབོར་ཆེན་ཞིག“རྒྱལ་ཡོངས་ཀུན་སྒྲུབ”དང“ཞིང་སྒྲོལ་ཀུན་སྒྲུབ”ཐུབ་ནས། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་དགོས་མཁོ་གསར་པ་གང་ལེགས་སྐོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་རེད།
   “‘འཁོར་གཏོང་དོ་དམ’གྱི་ཞབས་ཞུ་དོ་དམ་ཐད། ང་ཚོས་སྔ་རྗེས་སུ‘གློད་སྡོམ་ཞབས་གསུམ’གྱི་ཁག་10ཡི་དོན་ཚན་101བཏོན་པའི་ནང‘ཉེན་རྟོག་སྦྲག་སྲིད་དང་། ཉེན་རྟོག་འགན་སྲུང་། ཉེན་རྟོག་སྨན་པ’བཅས་ཀྱི་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་ལ་སྐུལ་འདེད་གཏོང་བ་དང་། ‘ཞིབ་བཤེར་བྱེད་མི་དགོས་པ་བཞི་དང་ལག་ཁྱེར་གཅིག་འཐུས’ཀྱི་སྟབས་བདེ་དང་ནུས་ཆེའི་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། འགྲིམ་འགྲུལ་དོ་དམ་ལས་སྒོ་དྲ་ཐོག་ནས་གཉེར་རྒྱུ་ཁྱབ་གདལ་ཧུར་ཐག་གཏོང་བ། བོད་རང་སྐྱོང་ལྗོངས་སུ་རྫོང་རིམ་པའི་འཁོར་རིགས་དོ་དམ་སུའོ་65བཙུགས་ནས་སྦག་སྦག་ཐོ་འགོད་དང་། འཕྲུལ་སྒུལ་འཁོར་རིགས་གཏོང་ཆོག་པའི་ལག་ཁྱེར་དང་ཁ་ལོ་བའི་ལག་ཁྱེར་བསྐྱར་ལེན། ཞིབ་བཤེར་བྱེད་མི་དགོས་པའི་མཚོན་རྟགས་རེ་ཞུ་སོགས་ཀྱི་ལས་སྒོ་གཉེར་ཆོག་གི་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བདེ་སྲུང་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་མོའུ་ཞའོ་ཀང་གིས་ངོ་སྤྲོད་བྱས་པ་རེད།
    གྲོང་མིའི་ཐོབ་ཐང་ལག་ཁྱེར་གཉེར་བའི་ཐད། བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་གཞན་ནས་སྒྲུབ་གཉེར་དང་། བོར་ཐོ་འགོད་པའི་རེ་ཞུ། བོར་དངོས་ལེན་བརྡ་གཏོང་བ་བཅས་ཀྱི“ལམ་ལུགས་གསུམ”འཛུགས་སྐྱོང་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་ཐོག་མར་གཉེར་བའི་རེ་ཞུ་དང་གནས་སྐབས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གཉེར་བའི“ཞིང་ཆེན་དང་ས་ཁུལ་དང་གྲོང་ཁྱེར་སྒྲོལ་བའི་ཀུན་སྒྲུབ”ལས་དོན་རྒྱུན་མཐུད་ངང་སྒྲུབ་པ་དང་། “ཐོགས་མེད་བགྲོད་ལམ”དང་ཐོབ་ཐང་ལག་ཁྱེར་སྦྲག་བསྐུར་ཞབས་ཞུ་ལེགས་སུ་བཏང་བ། ལག་ཁྱེར་གཉེར་བའི་དུས་འཁོར་ཐུང་དུ་བཏང་སྟེ་དེ་སྔའི་ལས་ཀའི་ཉིན་གྲངས་7ནས་2བར་ཐུང་དུ་བཏང་བ་དང་མཐོ་རྒྱུགས་འཆར་ཉེའི་སྐབས་ལག་ཁྱེར་གཉེར་བའི་དུས་ཚད་ལས་ཀའི་ཉིན་གྲངས་1བར་ཐུང་དུ་བཏང་བ། ཐོབ་ཐང་ལག་ཁྱེར་སྦྲག་བསྐུར་བྱེད་ཚད་དེ་སྔའི་གཟའ་འཁོར་རེར་ཐེངས་གསུམ་བསྐུར་བ་ནས་དུས་ཐོག་ཏུ་སྦྲག་བསྐུར་བྱེད་པ་དང“ཐོགས་མེད་བགྲོད་ལམ”དང་མི་སྒེར་གྱི་ལག་ཁྱེར་བཟོས་པའི་ཉིན་དེ་རང་དུ་སྦྲག་བསྐུར་ཐུབ་ཀྱི་ཡོད། དེ་དང་དུས་མཚུངས་བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་ཐོབ་ཐང་ལག་ཁྱེར་རང་འདེམས་སྒྲུབ་གཉེར(ལེན་པ)དང་། དུས་ཆེན་དང་ངལ་གསོའི་རིང་ཐོབ་ཐང་ལག་ཁྱེར་སྔོན་མངགས་སྒྲུབ་གཉེར་བྱེད་པ། རྒན་རྒོན་ལ་ཁྱིམ་དུ་ཐེམ་ཐོ་གཉེར་བ་དང་། ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་རྒྱག་པ། ལག་ཁྱེར་ཁྱིམ་དུ་སྐྱེལ་བ་སོགས་ཀྱི་ཞབས་འདེགས་ཞུས་པར་ལོ་5ཡི་རིང་རིམ་རྩིས་བྱས་ན་རྒན་རྒོན་ལ་ཁྱིམ་དུ་ཐོབ་ཐང་ལག་ཁྱེར་4301གཉེར་བ་རེད།
   ད་ཆ“ཐེངས་གཅིག་ལ་གཉེར་བ”དང་། “འཕྲལ་མར་གཉེར་བ” “སྔོན་མངགས་གཉེར་བ” “དྲ་གཅིག་ཀུན་སྒྲུབ”བཅས་ཀྱི་བྱེད་ཐབས་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ས་གནས་དང་གྲོང་ཁྱེར་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང“ལས་ཀའི་ཉིན་མོར་དུས་འགྱངས་ཞབས་ཞུ”དང“གཟའ་མཇུག་ལའང་ངལ་གསོ་མི་རྒྱག་པ”སོགས་ཀྱི་ཞབས་འདེགས་ཞུ་ཐབས་གསར་གཏོད་ཀྱིས་བཏོན་པར། རྒྱ་ཆེའི་མང་ཚོགས་ཀྱི་ཁས་ལེན་དང་གདེང་འཇོག་ཡག་པོ་རྒྱ་ཁྱབ་ངང་ཐོབ་པ་རེད།