འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་31ཉིན།

༄༅།།ཀྲུང་གོའི་སྤྱི་སྤྱོད་ཞིབ་ཚགས་ཚད་འཇལ་གྱི་རྒྱང་ཤེལ་ཆེ་ཤོས་མཚོ་ནུབ་ལེང་ཧུའུ་གྲོང་རྡལ་དུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་31ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་26ཉིན་ཀྲུང་གོ་ཚན་རིག་ཁང་ཙི་ཅིན་ཧྲན་གནམ་དཔྱད་ཁང་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གཞུང་གིས“སྨི་4.2ཀྱི་རྩིག་རྨང་གི་ཆེད་སྤྱོད་སྐར་མའི་གོ་ལའི་ཚད་འཇལ་རྒྱང་ཤེལ”རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཐོག་ནས་ཀྲུང་གོའི་སྤྱི་སྤྱོད་ཞིབ་ཚགས་ཚད་འཇལ་གྱི་རྒྱང་ཤེལ་ཆེ་ཤོས་མཚོ་ནུབ་ཀྲོའུ་མང་ཡ་གྲོང་ཁྱེར་ལེང་ཧུའུ་གྲོང་རྡལ་དུ་དངོས་སུ་བཙུགས་པ་མཚོན་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། “སྨི་4.2ཀྱི་རྩིག་རྨང་གི་ཆེད་སྤྱོད་སྐར་མའི་གོ་ལའི་ཚད་འཇལ་རྒྱང་ཤེལ”ནི་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལའི་ཞིབ་ཚགས་ཤོས་ཀྱི་སྐར་མའི་གོ་ལའི་ཚད་འཇལ་ལ་དམིགས་ནས་ལེགས་སྒྱུར་འཆར་འགོད་བྱས་པ་དང་མི་དམངས་ཤོག་སྒོར་དུང་ཕྱུར་3ཙམ་བཏང་ཡོད། བསྐྲུན་རྗེས་ཀྲུང་གོའི་སྤྱི་སྤྱོད་ཞིབ་ཚགས་ཀྱི་ཚད་འཇལ་རྒྱང་ཤེལ་དང་རྒྱལ་སྤྱིའི་སྐར་མའི་གོ་ལའི་ཚད་འཇལ་གྱི་ཆེད་སྤྱོད་རྒྱང་ཤེལ་ཆེ་ཤོས་དེ་ཡིན་སྲིད་པ་མ་ཟད་གནམ་དཔྱད་ཀྱི་ཚན་རིག་དམིགས་ཚད་སྣ་ཚོགས་ལ་ཞབས་འདེགས་རྒྱ་ཁྱབ་ངང་ཞུ་ཐུབ་རྒྱུ་རེད།
   ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་རྟེན་གཞི་ནི་མཚོ་ནུབ་ཀྲོའུ་མང་ཡ་གྲོང་ཁྱེར་ལེང་ཧུའུ་གྲོང་རྡལ་སའེ་ཧྲི་ཐེང་རི་ཁུལ་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི་4000ཡས་མས་ཟིན་གྱི་ཡོད། དུས་འགོའི་ལྟ་ཞིབ་ཚད་ལེན་ཐེངས་མང་བྱས་རྗེས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གནམ་དཔྱད་རིགས་ཁོངས་ཀྱིས་མཚོ་སྔོན་ལེང་ཧུའུ་སའེ་ཧྲི་ཐེང་རི་བོ་དེ་ས་བབ་ཆགས་ཡུལ་དང་། གནམ་གཤིས། མཁའ་རླུང་གཙང་ཚད། ས་བབ་མཐོ་ཚད་སོགས་ཐད་ལ་གནམ་དཔྱད་ཀྱི་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱེད་པའི་ལེགས་ཆ་ལྡན་པས་འོད་རིག་པ་དང་དམར་ཕྱིའི་གནམ་དཔྱད་ཆེ་མོའི་སྒྲིག་ཆས་ཀྱི་ཚན་རིག་ཞིབ་འཇུག་གི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱི་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།
    ཉེ་ཆར་ཀྲུང་གོ་ཚན་རིག་ཁང་ཙི་ཅིན་ཧྲན་གནམ་དཔྱད་ཁང་དང་མཚོ་ནུབ་ཀྲོའུ་སྲིད་གཞུང་གིས་ད་དུང“སྨི་2.5ལྷག་གི་མཐའ་སྣེ་མང་པོའི་སྤྱི་སྤྱོད་རྒྱང་ཤེལ”རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་ལའང་མཉམ་དུ་མིང་རྟགས་བཀོད་པ་རེད།