འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་30ཉིན།

༄༅།།C919གནམ་གྲུ་ཆེ་གྲས་ཚོང་ལས་གཉེར་སྐྱོང་བྱས་ནས་ལོ་གཅིག་རིང་འགྲུལ་པ་མི་ཐེངས་ཁྲི་30ཙམ་སྐྱེལ་འདྲེན་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་30ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་དགོང་མོར། རང་རྒྱལ་གྱིས་བཟོས་པའི་C919གནམ་གྲུ་ཆེ་གྲས་ཚོང་ལས་གཉེར་སྐྱོང་བྱས་ནས་ལོ་གཅིག་འཁོར་བའི་མཚམས་དེར། ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་གསར་དུ་མངགས་ཉོ་བྱས་པའི་C919གནམ་གྲུ་100ཡི་ནང་ནས་གནམ་གྲུ་དང་པོ་དངོས་སུ་རྩིས་བླངས་པ་དང་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་C919གནམ་གྲུ་རུ་ཁག་གི་གྲངས་འབོར་6བར་མང་དུ་ཕྱིན་ཡོད་པ་རེད།
   ན་ནིང་གི་ཟླ་5ཚེས་28ཉིན་ཚོང་ལས་འཕུར་སྐྱོད་ཐེངས་དང་པོ་བྱས་ཚུན། འདི་ལོའི་ཟླ་5ཚེས་27ཉིན་བར་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་C919གནམ་གྲུ་5ཡིས་ཐེངས་དང་པོ་འཕུར་བའི་ཉིན་དེ་དང་དེ་བཞིན་རྗེས་མཐུད་ཀྱི་ཧྲང་ཧའེ་ཡི་ཧུང་ཆའོ་ནས་ཁྲེང་ཏུའུ་ཡི་ཐེན་ཧྥུའུ་བར་དང་། ཧྲང་ཧའེ་ཡི་ཧུང་ཆའོ་ནས་པེ་ཅིང་གི་ཏ་ཤིན་བར། ཧྲང་ཧའེ་ཡི་ཧུང་ཆའོ་ནས་ཤིས་ཨན་གྱི་ཞན་དབྱང་བར་བཅས་ཀྱི་མཁའ་ལམ་3ལ་རིམ་རྩིས་བརྒྱབ་ན་གནམ་གྲུ་ཐེངས་གྲངས་2181འཕུར་བ་དང་། ཚོང་ལས་འཕུར་སྐྱོད་དུས་ཚོད་ཁྱོན་བསྡོམས་ཆུ་ཚོད་6090ཟིན་པ། འགྲུལ་པ་མི་ཐེངས་ཁྲི་30ཙམ་སྐྱེལ་འདྲེན་བྱས་ཡོད་པ་རེད། C919རྒྱུན་གཏན་ལྟར་འཕུར་སྐྱོད་བྱས་པ་དང་བདེ་འཇགས་འཕུར་སྐྱོད་ཐད་གཟེངས་སུ་ཐོན་པ་ཞིག་ཡོད། ཉིན་རེའི་སྤྱོད་ཚད་སོགས་དམིགས་ཚད་བརྟན་པོའི་ངང་མང་དུ་ཕྱིན་པ་དང་བསྟུན་ནས་ཕྱོགས་བསྡུས་གཉེར་སྐྱོང་ནུས་པར་ཕྱོགས་ཡོངས་ནས་ཞིབ་དཔྱད་ཐུབ་ངེས་རེད།
   སྔོན་དཔག་བྱས་ན་2024ལོའི་ལོ་མཇུག་ཏུ་སླེབས་སྐབས་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་C919གནམ་གྲུ་རུ་ཁག་གི་གྲངས་འབོར་10ཟིན་རྒྱུ་དང་འཕུར་སྐྱོད་མཁའ་ལམ་ཡང་མུ་མཐུད་མང་དུ་འགྲོ་རྒྱུ་ཡིན་པ་རེད།