འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།རྒྱལ་ཁབ་འདིས་གླང་འཛིང་གཏན་འགོག་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་29ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་28ཉིན། ཁོ་ལོམ་པི་ཡའི་གྲོས་ཁང་འོག་མའི་ཚང་འཛོམས་གྲོས་ཚོགས་ཐོག་མོས་མཐུན་གྱི་འདེམས་ཤོག་93དང་། མོས་མཐུན་མེད་པའི་འདེམས་ཤོག་2ཀྱི་ཐོག་ནས་གླང་འཛིང་གཏན་འགོག་བཀའ་རྒྱའི་ཁྲིམས་གཞིར་གྲོས་འཆམ་བྱུང་བ་རེད། ཁྲིམས་གཞི་དེ་ཙུང་ཐུང་ཕེ་ཐེ་ལུའོ་ཡིས་མིང་རྟགས་བཀོད་རྗེས་བཀའ་ཁྲིམས་སུ་འགྱུར་རྒྱུ་རེད། 
    གྲོས་ཁང་འོག་མས་གླང་འཛིང་གཏན་འགོག་བཀའ་རྒྱར་གྲོས་འཆམ་བྱུང་རྗེས། ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བཀག་རྒྱ་དེར་གྲོས་འཆམ་བྱུང་བར་དགའ་བསུ་ཞུ་བའི་གནས་ཚུལ་སྤེལ་ཡོད། 
     གླང་འཛིང་ནི་ཁོ་ལོམ་པི་ཡའི་སྲོལ་རྒྱུན་གྱི་འཁྲབ་སྟོན་ལེ་ཚན་ཞིག་ཡིན་པ་དང་། ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཏ་སོགས་གྲོང་ཁྱེར་4ཡིས་ལོ་རེའི་ཟླ་དང་པོ་དང་གཉིས་པའི་གཟའ་ཉི་མར་གླང་འཛིང་འགྲན་བསྡུར་བྱེད་ཀྱིན་ཡོད། འོན་ཀྱང་སྲོལ་རྒྱུན་དེར་ཉེ་བའི་ལོ་ཤས་རིང་སྐྱོན་བརྗོད་མང་པོ་ཐེབས་ཡོད། གླང་འཛིང་ལས་རིགས་དང་གླང་འཛིང་འཁྲབ་སྟོན་ལ་དགའ་པོ་བྱེད་མཁན་གྱིས་དེ་ནི་རིག་གནས་ཤིག་ཡིན་པར་འདོད། སྲིད་ཕྱོགས་མི་སྣ་དང་སྲོག་ཆགས་སྲུང་སྐྱོབ་རིང་ལུགས་པ་ཁ་ཤས་ཀྱིས་འཁྲབ་སྟོན་དེ་རིགས་གདུག་རྩུབ་ཆེ་བར་སྐྱོན་བརྗོད་བྱས་ནས་གཏན་འགོག་བྱེད་དགོས་པའི་རེ་བ་བྱེད་ཀྱིན་ཡོད།