༄༅།།ཞིང་ནང་དུ་ལོ་ལེགས་སྙེ་མའི་རྦ་རླབས་འཕྱུར།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་27ཉིན། 09:50】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་5ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་10པ་ཡོལ་ཙམ་ལ་བརྔ་བསྡུ་འཕྲུལ་འཁོར་སྤྱི་ལེ་100ལྷག་ཙམ་བཏང་ནས་ཧུའུ་པེ་ཤང་དབྱང་ནན་ཀྲང་རྫོང་གི་ཞིང་འཕྲུལ་ཁ་ལོ་བ་ཚའེ་ཧྭ་ཧོ་ནན་ཏེང་ཀྲོའུ་གྲོང་ཁྱེར་དུ་འབྱོར། གྲོང་ཚོའི་ཞིང་འཕྲུལ་ཞིང་ལས་རྒྱུ་ཆ་ཚོང་ཁང་དུ་གློག་འོད་འཚེར་ལ་ཞིང་ནང་དུ་བརྔ་བསྡུའི་འཕྲུལ་འཁོར་ལས་ལ་བྲེལ་བཞིན་གྲོང་ཚོ་ཡོངས་ནས་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་ཐོན་བཞིན་མཆིས།
“ཉིན་འདི་དག་ནང་ཚ་བ་ཆེ་རུ་ཕྱིན་ནས་གྲོ་སྨིན་ཚད་མགྱོགས་སུ་ཕྱིན་སོང”ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་40ཙམ་ལ་ཚའེ་ཧྭ་ཡིས་ནན་ཀྲང་རྫོང་ནས་ས་ཁོངས་བརྒལ་བའི་བརྔ་བསྡུ་འཕྲུལ་འཁོར་གྱི་ལས་སྒྲུབ་ལག་ཁྱེར་བླངས་པ་དང་སྣུམ་བླུགས་མ་ཐག་ཏེང་ཀྲོའུ་ཡི་ཞིང་པ་ཨ་ཁུ་ལི་ལགས་ཀྱི་ཁ་པར་འབྱོར་ནས་སྔོན་ལ་ཡོང་རོགས་ཞེས་བཤད།
2000ལོར་ལོ་སུམ་ཅུར་མ་སླེབས་པའི་ཚའེ་ཧྭ་ཡིས་སྒོར་ཁྲི་6ལྷག་ཙམ་བཏང་ནས་བརྔ་བསྡུའི་འཕྲུལ་འཁོར་དང་པོ་དེ་ཉོས། དུས་དེ་ནས་བཟུང་། དབྱར་ཁ་ཤར་རིམ་བཞིན་ཁོང་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་བསྐྱོད་དེ་མང་ཚོགས་ལ་གྲོ་བརྔ་བསྡུ་བྱས་ནས་ད་བར་ལོ་24ཏག་ཏག་སོང་ཡོད།
ནན་ཀྲང་རྫོང་ནི་ཧུའུ་པེ་ཞིང་ཆེན་གྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་གྲོ་སྨིན་སྔ་བ་དང་བརྔ་བསྡུ་བྱས་རྗེས་ཞིང་འཕྲུལ་གྱི་ཁ་ལོ་བ་ས་ཆ་གཞན་དུ་བརྔ་བསྡུ་བྱེད་པར་སྐྱོད་ཀྱི་ཡོད།
བརྔ་བསྡུ་འཕྲུལ་འཁོར་གཏོང་མཁན་རྙིང་པ་ཞིག་ཡིན་པའི་ཚའེ་ཧྭ་ལ་ལས་ཀ་མ་རག་པའི་སེམས་ཁྲལ་མེད། ཁོང་གིས་ལག་ཐོགས་ཁ་པར་སྟོན་བཞིན“གཟིགས་དང་། འདི་ནི་ཏེང་ཀྲོའུ་ཡི་ཨ་ཁུ་ལི་ལགས་རེད། འདི་ནི་ཧྲན་ཏུང་ཚའོ་རྫོང་གི་ཨ་ཁུ་ཝང་ཨར་རེད། ཁོང་ཚོ་ཚང་མ་ངའི་ཚོང་ཤག་རྙིང་པ་རེད”ཅེས་བཤད་བྱུང་།
ལོ་ལྟར་གྱི་ས་ཁོངས་བརྒལ་བའི་བརྔ་བསྡུའི་ལམ་དེ་རང་ཡིན་པས། སྔོན་ལ་ཉེ་འགྲམ་གྱི་ཧོ་ནན་དུ་བསྐྱོད་ནས་བརྔ་བསྡུ་ཉིན་ལྔ་དྲུག་བྱེད་པ་དང་། དེ་ནས་ཧྲན་ཏུང་ལ་བསྐྱོད་ནས་བརྔ་བསྡུ་ཉིན་བཅུ་ཙམ་བྱེད་ཀྱི་ཡོད། ཟླ་བ་6པར་ཧོ་པེར་གྲོ་བརྔ་བསྡུའི་དུས་ཚིགས་ཤར་བར་བརྟེན། ལྷོ་ནས་བྱང་དུ་བསྐྱོད་དེ་བརྔ་བསྡུ་བྱེད་ཀྱི་ཡོད། དེ་ལྟར་ཉུང་མཐར་ཡང་ཟླ་གཅིག་འགོར་གྱི་ཡོད།
ལམ་ཐག་རིང་བ་དང་དུས་ཚོད་ཏག་ཏག་མ་འཁེལ་ན་གང་འདྲ་བྱེད་ཀྱི་ཡོད་དམ།
“སེམས་ཁྲལ་བྱེད་དགོས་མེད”ཚའེ་ཧྭ་ཡིས་ལོ་ཤས་གོང་ཞིང་འཕྲུལ་མང་པོ་མེད་པ་དང་ལས་ཀ་དེ་བྱེད་མཁན་ཡང་མང་པོ་མེད་པས། ཁྱིམ་ཚང་རེ་རེར་བསྐྱོད་དེ་བརྔ་བསྡུ་བྱེད་དགོས་ཡོད་མེད་སྐད་ཆ་འདྲི་དགོས་ཀྱི་ཡོད།
ད་ཆ་ས་ཁོངས་བརྒལ་བའི་བརྔ་བསྡུ་བྱེད་མཁན་ཞིང་འཕྲུལ་གྱི་ཁ་ལོ་བའི་གྲངས་འབོར་ལྡབ་འཕར་བ་དང་ས་གནས་ཁག་གི་ཞབས་ཞུའི་འགན་ལེན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། མྱུར་བགྲོད་ལམ་མདོར་ཆེད་མངགས་ལས་སྣེ་ཁྲིད་མཁན་ཡོད་ལ། ས་གནས་ཀྱི་ཞིང་འཕྲུལ་ཞབས་ཞུའི་ལྟེ་གནས་དང་གྲོང་ཚོ་དང་གྲོང་རྡལ་ཁག་གི་འགན་འཁུར་བའི་འབྲེལ་གཏུག་ཁ་པར་བྲིས་པའི་ཤོག་བྱང་སྤྲོད་ཀྱི་ཡོད། རྒྱལ་ཁབ་ཀྱིས་ད་དུང“དབྱར་གསུམ”གྱི་ཞིང་འཕྲུལ་ས་ཁོངས་བརྒལ་བའི་ལས་སྒྲུབ་ཆ་འཕྲིན་ཞབས་ཞུའི་སྟེགས་བུ་བཙུགས་ནས་ཞིང་འཕྲུལ་གྱི་ཁ་ལོ་བ་དང་འདེབས་འཛུགས་དུད་ཚང་མཚམས་སྦྱོར་བྱེད་པ་དང་ཞིང་འཕྲུལ་གྱི་ཁ་ལོ་བ་ཡང་དྲ་འབོད་གླ་འཁོར་གྱི་ཁ་ལོ་བ་ལྟར་དྲ་ཐོག་ནས་མངགས་ཆོག་གི་ཡོད།
ཁྱིམ་ནས་ཁ་བྲལ་སྐབས་གྲ་སྒྲིག་ཨང་གསར་བྱེད་དགོས།
ཚེས་24ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2པར། ཐོབ་ཐང་ལག་ཁྱེར་དང་ཁ་ལོ་བའི་ལག་ཁྱེར་འཁྱེར་བའི་ཚའེ་ཧྭ་ཡིས་བརྔ་བསྡུ་འཕྲུལ་ཆས་བཏང་ནས་གྲོང་རྡལ་གྱི་ཞིང་ལས་འཕྲུལ་འཁོར་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་པ་དང་། དེ་གར་འབྱོར་རྗེས་ས་ཁུལ་ལས་བརྒལ་བའི་ལས་སྒྲུབ་ལག་ཁྱེར་ལམ་སེང་རག “ལག་ཁྱེར་ཡོད་ཚེ་ཞིང་ལས་འཕྲུལ་ཆས་མྱུར་བགྲོད་གཞུང་ལམ་དུ་སྐྱོད་ཆོག”ཅེས་བཤད།
“ས་ཁུལ་ལས་བརྒལ་བའི་ལས་སྒྲུབ་ལག་ཁྱེར་རག་རྗེས་ད་དུང་བརྔ་བསྡུ་འཕྲུལ་འཁོར་ལ་སྣུམ་བླུག་དགོས”ཚའེ་ཧྭ་ཡིས་རྒྱུན་དུ་བརྔ་བསྡུ་འཕྲུལ་འཁོར་ལ་བདག་གཅེས་ཡག་པོ་བྱེད་ཀྱི་ཡོད་པས། ཁོང་གི་བརྔ་བསྡུ་འཕྲུལ་འཁོར་ལོ་གསུམ་ལྷག་ཙམ་ཕྱིན་ཡང་ད་དུང་གསར་རྐྱང་ལྟར་ཡིན་ཞེས་བཤད།
ཚའེ་ཧྭ་ཡི་བརྔ་བསྡུ་འཕྲུལ་འཁོར་ལ་ཁྲའེ་ཡིའུ་སྣུམ་བླུག་དགོས་པས་སྣུམ་རིན་མང་པོ་འགྲོ་གི་ཡོད། ཉེ་བའི་ལོ་ཤས་རིང་། སྣུམ་རིན་བརྟན་པོ་མེད་ཀྱང་ཧུའུ་པེའི་དབྱར་བསྡུའི་ཞིང་ལས་འཕྲུལ་འཁོར་གྱི་སྣུམ་རིན་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད། ད་ལོར་ནན་ཀྲང་རྫོང་གིས་སྣུམ་རིན་གཟིགས་སྐྱོང་དངུལ་སྒོར་ཁྲི་130སྤྲད་ཡོད་ལ། ཚའེ་ཧྭ་ཡིས་སྣུམ་ཀུང་ཧྲེང་200ལྷག་ཙམ་བླུགས་ན་སྒོར་100ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་ཅེས་བཤད།
ལས་ཀ་ཚར་རྗེས་མཚན་གཅིག་ལ་ངལ་གསོ་ཡག་པོ་ཞིག་རྒྱག་དགོས་བསམ་ཡང་གློ་བུར་དུ་འབོད་མཁན་བྱུང་བར་བརྟེན་བཟའ་ཚོས་ཐེ་ཚོམ་མེད་པར་གྲ་སྒྲིག་བྱས་པ་དང་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་རྡོག་ཆས་བརྔ་བསྡུ་འཕྲུལ་འཁོར་ནང་བླུགས་ཏེ་ཕྱིར་ཐོན་ལ། ད་ལོའི་དབྱར་ཁའི་ས་ཁུལ་ལས་བརྒལ་བའི་བརྔ་བསྡུའི་ས་ཚིགས་དང་པོ་ནི་ཏེང་ཀྲོའུ་ཡིན་པ་རེད།
