འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་24ཉིན།

༄༅།།ཨ་རིས་ཐའེ་ཝན་གྱི་ལས་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་24ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     དྲི་བ། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་རྒྱལ་ཚོགས་གྲོས་ཁང་འོག་མའི་ཕྱི་ཕྱོགས་ཨུ་ལྷན་གྱི་ཀྲུའུ་ཞི་མའེ་ཁོའར་གྱིས་ཟླ་5པའི་ཟླ་མཇུག་ཏུ་ཚོགས་པའི་སྣེ་ཁྲིད་དེ་ཐའེ་ཝན་དུ་འཚམས་འདྲིར་ཡོང་ནས།གསར་དུ་བསྐོ་གཞག་བྱས་པའི་ ཐའེ་ཝན་གྱི་“འགོ་ཁྲིད་པས་”འགན་འཁུར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། 
     དྲིས་ལན། ཨ་རི་དང་ཐའེ་ཝན་གྱིས་རྣམ་པ་གང་རུང་གི་གཞུང་ཕྱོགས་འགྲོ་འོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་རྣམ་པ་གང་རུང་དང་ཁ་གཡར་ས་གང་རུང་གི་ཐོག་ནས་ཐའེ་ཝན་གྱི་ལས་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རིའི་རྒྱལ་ཚོགས་ནི་ཨ་རིའི་སྲིད་གཞུང་གི་གྲུབ་ཆ་ཞིག་ཡིན་པས། ཨ་རིས་ལག་བསྟར་བྱེད་པའི་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ནན་པོར་ཞུ་དགོས། རྒྱལ་ཚོགས་ཀྱི་གྲོས་མིས་ཐའེ་ཝན་ལ་འཚམས་འདྲི་བྱས་ན། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལས་ཚབས་ཆེན་འགལ་བ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དང་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་བཏང་ནས། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་ཚབས་ཆེན་གཏོང་ངེས་རེད། 
     ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་བརྩི་སྲུང་ནན་པོར་བྱེད་དགོས་པ་དང་། རྒྱལ་ཚོགས་ཀྱི་གྲོས་མི་ཐའེ་ཝན་དུ་འཚམས་འདྲིར་བཀོད་སྒྲིག་བྱས་མི་ཆོག་པ་དང་། ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་བྱེད་མཚམས་འཇོག་པ། ཐའེ་ཝན་མཚོ་འགག་གི་གནས་བབ་ཛ་དྲག་གི་རྒྱུ་རྐྱེན་བཟོ་བ་བཅས་བྱེད་མཚམས་འཇོག་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ས་ཁུལ་དང་རིག་གནས་དང་། ཚོང་དོན། གཞུང་ཕྱོགས་མིན་པའི་འབྲེལ་བ་གཞན་དག་ཁོ་ན་རྒྱུན་འཁྱོངས་དང་། དེ་བཞིན་“ཐའེ་ཝན་རང་བཙན་”ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཨ་རི་ཕྱོགས་ཀྱིས་རང་སྣང་གང་འདོད་ཀྱིས་འཚམས་འདྲི་བྱས་ན། དེ་ལས་བཟོས་པའི་མཇུག་འབྲས་ཚང་མ་ཨ་རི་ཕྱོགས་ཀྱིས་འགན་འཁུར་དགོས།