འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་24ཉིན།

༄༅།།ཡུལ་སྐོར་ལས་རིགས་དང་། དེང་དུས་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་ ཐོན་ལས། 
ཚ་ཁུལ་གྱི་ཁྱད་ལྡན་ནུས་ཆེའི་ཞིང་ལས་བཅས་ལ་དམིགས་ནས།

ཧའེ་ནན་གྱིས་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་24ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲའོ་ཕུང་། སུན་ཧའེ་ཐེན།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2022ལོའི་ཟླ་4པར་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས“ལོ་30ཡི་རིང་རྒྱུན་མཐུད་འཚོལ་ཞིབ་བྱས་པ་བརྒྱུད་ཡུལ་སྐོར་ལས་རིགས་དང་། དེང་དུས་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་ཐོན་ལས། ཚ་ཁུལ་གྱི་ཁྱད་ལྡན་ནུས་ཆེའི་ཞིང་ལས་བཅས་ལ་དམ་འཛིན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད” “ཡུལ་སྐོར་ལས་རིགས་དང་། དེང་དུས་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་ཐོན་ལས། ཚ་ཁུལ་གྱི་ཁྱད་ལྡན་ནུས་ཆེའི་ཞིང་ལས་བཅས་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་དེང་དུས་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་དགོས”ཞེས་ནན་བཤད་གནང་བ་རེད།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཧའེ་ནན་ཞིང་ཆེན་གྱིས་རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་ཀྱི་ལེགས་ཆ་དང་ཐུན་མོང་མ་ཡིན་པའི་རང་བྱུང་གི་ཁྱད་ཆོས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་དང་། དེང་དུས་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་ཐོན་ལས། ཚ་ཁུལ་གྱི་ཁྱད་ལྡན་ནུས་ཆེའི་ཞིང་ལས་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞི་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་གསར་གཏོད་འཁོར་འབྲེལ་བཀོད་སྒྲིག་དང་ཐོན་ལས་འཁོར་འབྲེལ་སྐྱེད་སྲིང་བྱས་ནས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
    རང་མོས་ཚོང་དོན་གྲུ་ཁའི་གོ་ཆོད་པའི་སྲིད་ཇུས་ཡིག་ཆ་180ལྷག་ཙམ་བེད་སྤྱོད་གང་ལེགས་བྱས་ཏེ་ཧའེ་ནན་གྱིས་སྲིད་ཇུས་བཀོལ་སྤྱོད་ཀྱི་བར་མཐོངས་འཚོལ་ཞིབ་ཧུར་ཐག་དང་རྒྱ་སྐྱེད་བཏང་བ་དང་མ་དངུལ་གཏོང་མཁན་གཙོ་བོ་དང་ཁེ་ལས་ཚོགས་པ་གཅིག་སྡུད་ཚུར་འགུག་ཤུགས་ཆེན་བྱས་ཡོད།
   “རང་མོས་ཚོང་དོན་གྲུ་ཁའི་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་མ་གཏོང་བ་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་ཀྱིས་ང་ཚོའི་ཡིད་དབང་བཀུག་བྱུང”ཞེས་ཧའེ་ནན་ཁྲེན་ཧའེ་ཆུ་ཐོན་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གི་ལས་རོགས་ཀྲའོ་ཀོང་ཝུན་གྱིས་བཤད་པ་དང་སྤྱི་ཁྱབ་པུའུ་སན་ཡ་ཡ་ཀྲོའུ་མཚོ་ཁུག་གི་ཚན་རྩལ་གྲོང་དུ་སྤོས་རྗེས་ཀུང་སིས་སྤྱི་པའི་ཚན་ཞིབ་ལས་སྟེགས་བརྒྱུད་རྒྱལ་ནང་གི་མཐོ་སློབ་20ལྷག་ཙམ་དང་མཉམ་ལས་བྱས་ཏེ་ཅིན་ཁྲང་ཉ་རིགས་གསར་པ“ཁྲེན་ཧའེ་ཨང་དང་པོ”གསོ་སྤེལ་ལེགས་གྲུབ་བྱུང་ཡོད།
   ཚན་ཞིབ་གྲུབ་འབྲས་རྒྱུན་མཐུད་ངང་གཞན་འགྱུར་བྱས་པ་དང་གཉེར་སྐྱོང་བྱེད་པོ་མགྱོགས་མྱུར་གཅིག་སྡུད་བྱས་ཤིང་། 2023ལོའི་ལོ་མཇུག་བར་ཡ་ཀྲོའུ་མཚོ་ཁུག་ཚན་རྩལ་གྲོང་དུ་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་ཁག་4བསྐྲུན་ནས་ས་བོན་ལས་རིགས་2800ལྷག་ཙམ་དང་མཚོ་བྱིངས་ཚན་ཞིབ་དཔུང་ཁག་དང་ཁེ་ལས་1000ལྷག་ཙམ་གཞིས་ཆགས་ཡོད་པ་རེད།
   འདི་ནི་རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་ཀྱི་ཁེ་སྤོགས་ལས་ཕན་འབྲས་མགྱོགས་མྱུར་ཐོན་པའི་བསྡུས་རིས་ཤིག་ཡིན་ཞིང་། “ཀྲུང་དབྱང་གིས་སྤྱི་འདོམས་དང་། སྡེ་ཚན་གྱིས་རྒྱབ་སྐྱོར། ཞིང་ཆེན་གྱིས་དོན་འཁྱོལ་ལ་དམ་འཛིན”བཅས་བྱེད་པའི་ལས་ཀའི་སྐུལ་འདེད་ལམ་སྲོལ་འོག་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཆ་ནས་ཆགས་ཡོད། འདི་ལོའི་ཟླ་དང་པོའི་བར་ཞིང་ཆེན་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་འཕར་ཚད་ཟླ་བ་48བསྟུད་མར་རྒྱལ་ཡོངས་ཀྱི་སྔོན་ཚུད་ཆུ་ཚད་ལ་སླེབས་ཡོད།
    ཐོན་ལས་བཟང་སྤེལ་ཞན་གསབ་བྱེད་མགྱོགས་སུ་བཏང་ནས་ཧའེ་ནན་གྱིས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་ཁྱབ་པའི་གཙོ་གནད་གླིང་ཁུལ་13སྟོབས་ཆེར་གཏོང་བར་ཤུགས་སྣོན་བརྒྱབ་སྟེ“སྣེ་འདྲེན་འཁོར་འབྲེལ་གཙོ་བོས་སྐུལ་ཁྲིད་བྱེད་པ་དང་། གླིང་ཁུལ་ལས་སྟེགས་ཀྱིས་འདེགས་སྐྱོར་བྱེད་པ། གོང་འོག་མཉམ་ལས”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་བཏང་ཡོད་པ་རེད།
    ཧའེ་ནན་གྱིས《ཧའེ་ཁོའུ་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བྱ་ཐབས》སོགས་འགན་སྲུང་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ནས་ལམ་ལུགས་འདུས་གྲུབ་གསར་གཏོད་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་བཏོན་ཏེ། ས་ཆ་དང་མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་སྐུལ་མ་གཏོང་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། 2023ལོར་གཙོ་གནད་གླིང་ཁུལ་13གྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2ཀྱི་འགག་སྒོ་ཆེ་མོ་ལས་ཐོག་མར་བརྒལ་བ་དང་ཁྲལ་བསྡུའི་ཡོང་འབབ་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་ཀྱི་བཅུ་ཆ་ལྔ་ཙམ་བཟུང་ཡོད།
    “ཡུལ་སྐོར+”ལས་རྣམ་གསར་པ་ས་ཁོངས་ཧྲིལ་པོར་རྒྱ་སྐྱེད་བཏང་ནས་དེང་རབས་ཞབས་ཞུའི་ལས་རིགས་ཀྱིས་སྒུལ་ཤུགས་ཆེན་པོ་བཏོན་པ་དང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་བཀྲག་མདངས་འཚེར་ས་མང་པོ་མངོན་པ། ཚ་ཁུལ་གྱི་ཁྱད་ལྡན་ནུས་ཆེའི་ཞིང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་པ་ལ་སོགས། 2023ལོར་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞིས་ཧའེ་ནན་གྱི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་60%ལྷག་ཙམ་ཟིན་ཡོད་པ་རེད།
    འདི་ལོའི་དུས་ཚིགས་དང་པོར་ཧའེ་ནན་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1836.98བྱུང་ཡོད། “ང་ཚོས་འབད་བརྩོན་བྱས་ནས་ཐོན་ལས་སྟོབས་ཆེར་གཏོང་བར་བསམ་གཞིག་བྱེད་པ་དང་མདུན་ཕྱོགས་ལ་དམིགས་པ་དང་། སྐྱེ་ཁམས་གཏོད་པ། ཚོགས་པ་འཕེལ་རྒྱས་བཅས་ལ་བརྟེན་ནས་སྒོ་དབྱེ་རྣམ་པ་དང་། སྐྱེ་ཁམས་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་དེང་དུས་ཐོན་ལས་མ་ལག་འཛུགས་ཀྱི་ཡིན”ཞེས་ཧའེ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྥུང་ཧྥེ་ཡིས་བཤད།