འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་24ཉིན།

༄༅།།སློབ་ཡོན་སྒོར་ལྔ་སྟོང་ཙམ་གྱི་བརྙན་ལམ་དྲས་སྒྲིག་སློབ་ཚན་ནི་ཁ་བསླུས་རྒྱག་སྟངས་ཤིག་རེད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་24ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཅུས་ཡུན་ཕུང་།
   “རྨང་གཞི་གང་ཡང་མེད་ཀྱང་མགྱོགས་པོ་ཤེས་ཀྱི་རེད། ལས་སྟེགས་ཆེ་གྲས་ཁག་ཚང་མ་དང་ལས་སྒོའི་མཉམ་ལས་ཡོད། སློབ་ཚན་9སྦྱངས་རྗེས་མངགས་ཐོ་རག་ནས་ཟླ་རེའི་གཏན་འཇགས་ཡོང་འབབ་སྒོར་3000ལྷག་ཙམ་ཡོང་གི་ཡོད……”
    འདི་ལོའི་ཟླ་2པར་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཆིང་ཕུའུ་ཡན་ལག་ཅུས་ལ་གྲོང་མི་ཤིང་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་པ་སྟེ། ན་ནིང་ཟླ་7པར་ཞོར་ལས་འཚོལ་སའི་ལས་སྟེགས་ཤིག་ལ་ལྟ་སྐབས། མི་ཞིག་གིས་སློབ་ཡོན་སྒོར་4980ཡིན་པའི་བརྙན་ལམ་དྲས་སྒྲིག་སློབ་ཚན་ཞིག་ངོ་སྤྲོད་བྱེད་པ་མཐོང་བྱུང་། མི་འདིས་སློབ་ཚན་9སྦྱངས་རྗེས་མངགས་ཐོ་རག་ནས་ཡོང་འབབ་གསོག་ཐུབ་ལུགས་བཤད་མོད། འོན་ཀྱང་ངས་དྲ་ཐོག་ནས་དངུལ་སྤྲད་དེ་བརྙན་ལམ་དྲས་སྒྲིག་གསོ་སྦྱོང་ལ་ཞུགས་ནའང་མངགས་ཐོ་གཅིག་ཀྱང་རག་མ་བྱུང་ལ་སློབ་ཡོན་ཡང་སློག་མ་བྱུང་། མགོ་སྐོར་ཐེབས་འདུག་ཅེས་བཤད།
   “ང་ཚོས་ཞིབ་འཇུག་དང་བརྡར་གཅོད་བྱས་པ་ལྟར་ན། འདི་ཡང་ཞོར་ལས་བྱེད་མཁན་གྱི་ལས་མི་བསྡུ་བར་ཁ་གཡར་ནས་ཁ་བསླུས་རྒྱག་པའི་བྱེད་སྤྱོད་དང་འབྲེལ་བ་ཡོད་བཟོ་འདུག”ཅེས་དང་སྔར་བས་རྩད་གཅོད་གཏིང་ཟབ་བྱས་པ་བརྒྱུད། ཞིང་ཆེན་གཞན་གྱི་སྡེ་ཁུལ་ཞིག་གི་ཚོང་ལས་ཐོག་ཁང་དུ་ལས་མི་བསྡུ་བར་ཁ་གཡར་ནས་ཁ་བསླུས་རྒྱག་མཁན་གྱི་ཉེས་གསོག་ཚོགས་པ་ཞིག་རྩད་གཅོད་ཐུབ་བྱུང་ཞེས་ཆིང་ཕུའུ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་ཡན་ལག་རུ་ཁག་གི་ཡན་ལག་རུ་དཔོན་གཞོན་པ་ཞུས་ཀྲེན་གྱིས་བཤད།
   ཚོགས་པ་དེས་ཕྱི་རུ་བརྙན་ལམ་དྲས་སྒྲིག་ལས་སྒོ་གང་ཡང་མེད་པའི་གནས་ཚུལ་འོག ལས་ཀ་འཚོལ་བའི་ལས་སྟེགས་སུ་བརྡ་ཁྱབ་རྫུན་མ་སྤེལ་ནས“དྲས་སྒྲིག་སློབ་ཚན་9སྦྱངས་རྗེས་མངགས་ཐོ་འགན་གཙང་ལེན་པའི་ཚོགས་པར་ཞུགས་ནས་ཡོང་འབབ་གསོག་ཐུབ”ཅེས་ཁས་བླངས་ཏེ། ལས་ཀ་འཚོལ་མཁན་ལ་སློབ་ཡོན་སྒོར་4980ཡིན་པའི་བརྙན་ལམ་དྲས་སྒྲིག་སློབ་ཚན་བཙོངས་ནས་མགོ་སྐོར་གཏོང་གི་ཡོད། དེའི་རིང་ཚོགས་པ་དེས་ད་དུང་ཐེངས་རེར་གླ་ཆ་སྒོར་10ནས་40བར་ཟིན་པའི་མངགས་ཐོ་རྫུན་མ་བཟོས་ནས་ཚོགས་པའི་ནང་བཏང་སྟེ་སློབ་མ་ཚོར་མགོ་སྐོར་གཏོང་གི་ཡོད། ཚོགས་པའི་ནང་གི་སློབ་མས་སློབ་ཚན་ཚང་མ་སྦྱངས་ཚར་ཡང་། མངགས་ཐོ་སྤྲོད་མཁན་གྱིས་མངགས་ཐོ་མི་སྤྲོད་པ་མ་ཟད་སློབ་ཡོན་ཡང་ཕྱིར་སློག་གི་མེད། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་འོག ཆིང་ཕུའུ་ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་ཚོགས་པའི་ཁོངས་མི་122བཟུང་ཞིང་། འདྲི་རྩད་རགས་ཙམ་བྱས་པ་བརྒྱུད་ཚོགས་པ་དེའི་གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་1700ལྷག་ཙམ་ཟིན་ཡོད་པ་རེད།
   ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་ཡན་ལག་རུ་ཁག་གཉིས་པའི་ཡན་ལག་རུ་དཔོན་གཞོན་པ་ཀྲང་ཀང་གིས“ཆེད་ལས་གསོ་སྦྱོང”ཟེར་བའི་སློབ་ཚན་ནང་དོན་ཕལ་ཆེ་བ་དྲ་ཐོག་ནས་འཚོལ་ཐུབ་པའི་ཆ་འཕྲིན་ཤ་སྟག་རེད། དེ་དག་ལ་ཆེད་ལས་གསོ་སྦྱོང་གི་རིན་ཐང་གང་ཡང་མེད། ལས་ཀ་འཚོལ་མཁན་གསོ་སྦྱོང་ནང་ཞུགས་ཚར་རྗེས་ཁྲིམས་འགལ་པས“གསོ་སྦྱོང་གི་སྐར་མ་མི་འདང་བ”སོགས་ལ་ཁ་གཡར་བས་ལས་ཀ་འཚོལ་མཁན་ལ་མངགས་ཐོ་རག་པའི་གོ་སྐབས་གཏན་ནས་མེད་ཅེས་ངོ་སྤྲོད་བྱས།
    ལས་འཚོལ་ཁྲོམ་རར“གླ་ཕོགས་མཐོ་པོ་སྤྲོད་རྒྱུ་ཡིན”ཞེས་བརྗོད་དེ“ལས་མི་བསྡུ་བ་ནས་གསོ་སྦྱོང་ལ་སྒྱུར་བའི”ཁ་བསླུས་ཀྱི་ཉེས་གསོག་བྱེད་སྤྱོད་སྤེལ་བར་དམིགས་ཏེ། འདི་ལོ་ཧྲང་ཧའེ་སྤྱི་བདེས་ཉེས་གསོག་ཚོགས་པ་12གཏོར་བར་གྱོད་འབྲེལ་དངུལ་སྒོར་ཁྲི་4000ལྷག་ཙམ་ཟིན་གྱི་ཡོད། ཧྲང་ཧའེ་སྤྱི་བདེས“ཆ་རྐྱེན་གང་ཡང་མེད་པར”ཐད་ཀར་ངོ་རྒྱུགས་སྤྲོད་ཆོག་ལ་གླ་ཕོགས་མཐོ་པོ་དང་ཐོབ་ཐང་ཡག་པའི་ལས་བསྡུའི་ཆ་འཕྲིན་དེ་རིགས་ནི་རྫུན་བཟོའི་ལས་བསྡུ་སོགས་ཀྱི་མགོ་སྐོར་གཡོ་འཕྲུལ་གྱི་རྒྱ་རྙི་ཤ་སྟག་ཡིན་སྲིད་པས་ལས་འཚོལ་ཆ་འཕྲིན་དེ་རིགས་ལ་དོགས་ཟོན་ཆེན་པོ་བྱེད་དགོས། ལས་བསྡུའི་བརྒྱུད་རིམ་ཁྲོད་མི་སྤྱོད་ཚན་པས“གསོ་སྦྱོང་གྲོན་དངུལ”སོགས་ཀྱི་གྲོན་དངུལ་སྣ་ཚོགས་སྔོན་ལ་སྤྲོད་དགོས་པའི་རེ་བ་འདོན་སྐབས་གཟབ་ནན་བྱེད་དགོས་པའི་དྲན་སྐུལ་བྱས།