༄༅།།འདི་ནས་གཞུང་ཚབ་གཏན་དུ་ཕྱིར་འཐེན་བྱ་རྒྱུ་བསྒྲཊ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་23ཉིན། 15:12】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། ཨ་ཀེན་ཐིན་གྱི་ཙུང་ཐུང་སྨི་ལའེ་ཡིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་སྐྱོན་བརྗོད་བྱས་པའི་གཏམ་བརྗོད་ལ་དགོངས་དག་ཞུ་རྒྱུ་དང་ལེན་མ་བྱས་པའི་རྗེས་སུ། སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་ཨའར་ཝ་ལེ་སིས་ཨ་ཀེན་ཐིན་དུ་བཅའ་སྡོད་གཞུང་ཚབ་ཆེན་མོ་མཱ་ལི་ཡ·ཧོ་སུའུ་སི་གཏན་དུ་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
སི་ཕེན་སྲིད་གཞུང་གིས་དེ་གོང་ཚེས་19ཉིན་ཨ་ཀེན་ཐིན་དུ་བཅའ་སྡོད་རྒྱལ་ཁབ་དེའི་གཞུང་ཚབ་ཆེན་མོ་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས། ཨ་ཀེན་ཐིན་གྱི་ཙུང་ཐུང་ཧ་ཝེར·སྨི་ལའེ་ཡིས་སི་ཕེན་དུ་འཚམས་འདྲི་བྱེད་རིང་འདུ་ཚོགས་ཤིག་ཐོག་སི་ཕེན་གྱི་དབུ་བཞུགས་བློན་ཆེན་ཕེ་ཏེ་ལུའོ·སང་ཆེ་སིའི་ལྕམ་མོ“རུལ་སུངས་སུ་གྱུར་ཡོད”ཅེས་བརྗོད་པར་རྒོལ་གཏམ་བཏང་བ་རེད། སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་སྨི་ལའེ་ལ་ཁོང་གི་གཏམ་བརྗོད་ལ་ཡོངས་བསྒྲགས་ངང་དགོངས་དག་ཞུ་དགོས་པའི་རེ་བ་བཏོན་ཡང་སྨི་ལའེ་ཡིས་དང་ལེན་མ་བྱས།
སྨི་ལའེ་ཡིས་ཚེས་17ཉིན་ནས་བཟུང་སི་ཕེན་ལ་འཚམས་འདྲི་བྱས་མོད། འོན་ཀྱང་ཁོང་གིས་རྒྱུན་སྲོལ་ལས་འགལ་ཏེ་འཚམས་འདྲི་བྱེད་རིང་སང་ཆེ་སིའམ་ཡང་ན་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པ་དང་ཐུག་འཕྲད་བྱས་མེད། ཚེས་19ཉིན་སྨི་ལའེ་སི་ཕེན་གྱི་རྒྱལ་ས་མ་ཏེ་རིར་རྒྱལ་ཁབ་དེའི་གཡས་རུའི་སྲིད་ཏང་སྟེ་འབོད་སྒྲ་ཏང་གིས་གཉེར་བའི་འདུ་ཚོགས་ཤིག་གི་ནང་ཞུགས་སྐབས། མིང་གསལ་པོར་མ་བརྗོད་པའི་རྣམ་པའི་ཐོག་ནས་སང་ཆེ་སིའི་ལྕམ་མོ“རུལ་སུངས་སུ་གྱུར་ཡོད”ཅེས་བཤད་པ་རེད།
