འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་23ཉིན།

༄༅།།ནང་སོག་རང་སྐྱོང་ལྗོངས་པཱ་ཡན་ཀྲོ་ཨེར་གྲོང་ཁྱེར་ཨུ་ལཱ་ཐེ་ཆན་ཆིའི་དེང་རབས་
ཞིང་ལས་དཔེ་སྟོན་ཁུལ་གྱི་ལག་རྩལ་རིམ་པ་སྤར་བ།

——ཞིང་ནང་གཡོག་བྱེད་ཀྱི་ལས་ཕྱོད་སྔར་བས་ཆེ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་23ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཁྲེང་།
     ནང་སོག་རང་སྐྱོང་ལྗོངས་པཱ་ཡན་ཀྲོ་ཨེར་གྲོང་ཁྱེར་ཨུ་ལཱ་ཐེ་ཆན་ཆིའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་སྐྱོད་སྐབས་བྱང་སྐར་སྤུན་བདུན་ཕྱོགས་སྟོན་མ་ལག་སྒྲིག་སྦྱོར་བྱས་པའི་ཁ་ལོ་བ་མེད་པའི་སོན་འདེབས་འཕྲུལ་འཁོར་ཞིང་ནང་དུ་བསྐྱོད་པ་དང་། སོན་འདེབས་འཕྲུལ་འཁོར་གྱི་སྒྲ་དང་བསྟུན་ནས་སོན་སྒམ་ནང་གི་གྲོའི་ས་བོན་རེ་རེ་བཞིན་ཞིང་ས་གཤིན་པོར་འདེབས་པ། ཐིགས་ཆུ་འདྲེན་པའི་སྦུ་གུ་རེ་རེ་བཞིན་ས་འོག་ཏུ་སྦས་འདུག
     2023ལོའི་ཟླ་དྲུག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདི་གར་རྟོག་ཞིབ་གནང་སྐབས“དཔེ་སྟོན་གླིང་གིས་དེང་རབས་ཞིང་ལས་ཁྱབ་གདལ་གཏོང་བའི་ཐད་ནུས་པ་དངོས་འབྲེལ་བཏོན་ནས་འཚོལ་ཞིབ་ཟམ་མི་ཆད་པར་བྱས་ཏེ། འདི་གར་འཚམ་པའི་ས་བོན་དང་། ལག་རྩལ། རྨོ་འདེབས་བྱེད་སྟངས་བཅས་འཚོལ་ཞིབ་བྱེད་པ་དང་། མ་གནས་དམའ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ལད་མོ་བྱེད་ཆོག་ལ་ཁྱབ་གདལ་རུང་བའི་ཉམས་མྱོང་ཆགས་པར་བྱེད་དགོས”ཞེས་གསུངས་ཡོད།
     གྲོ་དང་སུར་པན་སྤེལ་འདེབས་དཔེ་སྟོན་ཁུལ་དུ་ཐིགས་ཆུ་བཏང་མ་ཐག་པའི་ས་རྒྱུ་སྔར་བཞིན་བརླན་པ་དང་། ཨུ་ལཱ་ཐེ་ཆན་ཆིའི་ཞིང་འབྲོག་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཅུན་གྱིས། གྲོའི་ལྗང་པའི་སྐྱེ་འཚར་ལ་ལྟ་ཞིབ་བྱེད་བཞིན་ཁོང་གིས“མུའུ་60ཡོད་པའི‘པཱ་གྲོ་ཨང་13པ’འདི་ནི་ང་ཚོས་ཉེ་བའི་ལོ་ཤས་རིང་གསོ་སྤེལ་དང་ཁྱབ་གདལ་བཏང་བའི་ཧོ་ཐའོ་ས་ཁུལ་གྱི་སྤུས་ལེགས་ས་བོན་ཡིན། རྒྱུན་གཏན་འདེབས་མང་བའི་ས་བོན་དང་བསྡུར་ན་ལོ་རེར་མུའུ་རེར་ཐོན་འཕར་རྒྱ་མ་100ཙམ་གྱིས་མཐོ་བ་དང་འབབ་འཕར་སྒོར་160ཙམ་བྱུང་ཡོད”ཅེས་བཤད།
     གྲོ་འདེབས་སའི་སྟར་པའི་བར་དུ་ས་ཆ་སྟོང་པ་བཞག་ཡོད་པ་དེ་ནི་ཟླ་5པའི་ཟླ་སྟོད་དུ“བྱང་སྐར་སྤུན་བདུན་ཨང་དང་པོའི”སུར་པན་གྱི་ལྗང་པ་སྤོ་འཛུགས་བྱ་ཆེད་བཞག་པ་ཞིག་རེད། “ས་བོན་འདེམས་གསོ་བྱས་པ་བརྒྱུད་ཐོན་འབབ་མཐོ་བ་དང་། མདོག་ཡག་པ། བྲིན་ཁག་རྒྱུག་པ་བཅས་ཡོད་པ་མ་ཟད། ནུབ་བྱང་ས་ཁུལ་དུ་འདེབས་འཛུགས་བྱེད་པར་ཧ་ཅང་འཚམ་པོ་ཡོད། གྲོ་ཁོ་ན་བཏབ་པ་དང་བསྡུར་ན་སྤེལ་འདེབས་བྱས་རྗེས་ས་ཞིང་མུའུ་རེའི་ས་ནས་ལོ་རེར་འབབ་འཕར་སྒོར་2000ཙམ་ཡོང་གི་ཡོད” ལིའུ་ཅུན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བས་ང་ཚོའི་དཔེ་སྟོན་ཁུལ་གྱི་ཞིང་ནང་གཡོག་བྱེད་ཀྱི་ལས་ཕྱོད་དེ་བས་ཆེ་རུ་འགྲོ་བཞིན་ཡོད”ཅེས་བཤད།
     གྲོ་དང་སུར་པན་སྤེལ་འདེབས་དཔེ་སྟོན་ཁུལ་དང་། ཨ་ཤོམ་ཐོན་འཕར་དཔེ་སྟོན་ཁུལ། སུར་པན་གྱི་སྣ་ཁ་གསར་པའི་དཔེ་སྟོན་ཁུལ་ལ་སོགས་དེ་གར་བཏབ་པའི་མུའུ་4000ལྷག་ཙམ་གྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་ལྟེ་བའི་ཁུལ་དུ་ཞིང་ལས་ལག་རྩལ་གསར་པ་དང་། སྣ་ཁ་གསར་པ། རྣམ་པ་གསར་པ་བཅས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་རིམ་སྤོར་བྱས་ནས་གཅིག་སྡུད་ཚོད་ལྟའི་དཔེ་སྟོན་བརྒྱུད་ལད་མོའི་ཁྱབ་གདལ་གཏོང་བཞིན་ཡོད།
     རང་ཁྱིམ་གྱི་ཞིང་ཁའི་རྣང་མའི་འགྲམ་དུ་ལངས་པའི་ལོ་55ལ་སླེབས་པའི་སའེ་ཧུའུ་ཏུང་ཁ་ཁྲ་གྲོང་ཚོའི་ཞིང་པ་ལིའུ་ཡུས་པའོ་རྨོ་འདེབས་འཕྲུལ་འཁོར་གྱིས་ས་རྒྱུ་གཏིང་རྨོད་རྒྱག་སར་ལྟ་བཞིན་འདུག ཁོང་གིས“དཔེ་སྟོན་ཁུལ་ནས་ཐབས་ཤེས་ངོ་མ་ཤེས་བྱུང་། ལག་རྩལ་པས་མཛུབ་ཁྲིད་བྱེད་ཀྱི་ཡོད་པས་ང་ཚོས་ཀྱང་རང་འགུལ་ཅན་གྱི་ཞིང་ལས་འཕྲུལ་ཆས་སྤྱད་པ་དང་། སྤུས་ལེགས་ཨ་ཤོམ་གྱི་སྣ་ཁ་གསར་པ་བརྗེ་བ། སོན་ཚགས་མཐུག་པོ་འདེབས་པའི་ལག་རྩལ་སྤྱད་པ་ཡིན། ངའི་མུའུ་200ཡོད་པའི་ཨ་ཤོམ་ས་ཞིང་ནས་ལོ་གཅིག་ལ་འབབ་འཕར་སྒོར་ཁྲི་7ལྷག་ཙམ་ཡོང་གི་འདུག”ཅེས་བཤད།
     ཨུ་ལེང་སུའུ་ཧའེ་བརྒྱུད་མུ་མཐུད་ནུབ་ཕྱོགས་སུ་བསྐྱོད་དེ་རྨ་ཆུའི་ཆུ་དྭངས་མ་ཐིགས་ཆུ་གཏོང་བ་དང་ལུད་མཉམ་འདྲེན་གྱི་ལག་རྩལ་དཔེ་སྟོན་ཁུལ་དུ་སླེབས་སྐབས་དྭངས་གསིང་རྫིང་བུ་ཆེན་པོ་ཞིག་གི་ནང་རྨ་ཆུའི་ཆུ་དག་དག་ཡོད་པ་མཐོང་བྱུང་།
     “སྔོན་ཆད་དང་བསྡུར་ན་ཐིགས་ཆུ་དང་ལུད་མཉམ་འདྲེན་གྱི་ལག་རྩལ་གྱིས་ཆུ་30%ཡན་གྲོན་ཆུང་ཐུབ་པ་དང་། ལུད་དང་ཞིང་སྨན་20%ཙམ་གྲོན་ཆུང་ཐུབ་ཀྱི་ཡོད”དཔེ་སྟོན་ཁུལ་གྱི་འགན་འཁུར་བ་པའེ་ཨེན་ཙེ་ཡི་རྒྱབ་ཏུ་ཡོད་པའི་དྭངས་གསིང་རྫིང་བུ་སོགས་ཀྱི་སྒྲིག་ཆས་ཀྱིས་དྭངས་གསིང་རྒྱག་པ་སོགས་ཀྱི་ལྷུ་ཚིགས་མང་པོ་བརྒྱུད་མཐར་ཆུ་དང་ལུད་མཉམ་དུ་འདྲེན་ཐུབ་པ་བྱུང་ཡོད། “དཔེ་སྟོན་ཁུལ་གྱིས་ཆུ་གྲོན་ཆུང་དང་ཐོན་མཐོའི་ཇུས་གཞི་དང་ཚད་གཞི་བཟོས་ནས་མིག་སྔར་ཆི་ཡོངས་སུ་མུའུ་ཁྲི་142.3གྱི་སར་ཆུ་ལུད་མཉམ་འདྲེན་གྱི་ལག་རྩལ་ཁྱབ་གདལ་བཏང་ཡོད”ཅེས་བཤད།
     དཔེ་སྟོན་ཁུལ་གྱི་སྣེ་ཁྲིད་འོག་2023ལོར་པཱ་ཡན་ཀྲོ་ཨེར་གྲོང་ཁྱེར་གྱི་འབྲུ་རིགས་ཀྱི་ཐོན་འབབ་རྒྱ་མ་དུང་ཕྱུར་58.89ཟིན་པ་དེ་ལོ་གོང་མ་ལས་རྒྱ་མ་ཁྲི་7200འཕར་ཡོད་པ་དང་། རིམ་པ་ཁག་དང་རིགས་ཁག་གི་ཞིང་ལས་ཚན་རྩལ་དཔེ་སྟོན་ཁུལ་དང་དཔེ་སྟོན་ཡུག་ཁུལ་113བསྐྲུན་ནས་རིགས་ཆེན་པོ་31གི་སྤུས་ལེགས་ས་བོན་སྣ་ཁ་95དང་དེ་བཞིན་དེང་རབས་ཞིང་ལས་ཐོན་སྐྱེད་ལག་རྩལ་ཁག་26གཅིག་སྡུད་ཁྱབ་གདལ་བཏང་བས་གྲོང་ཁྱེར་ཡོངས་ཀྱི་རིགས་ཁག་གི་དཔེ་སྟོན་ཁུལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབབ་10%ནས་15%བར་འཕར་ཞིང་། མུའུ་རེའི་མ་གནས་ཆག་པ་དང་ཕན་འབྲས་ཆེ་རུ་ཕྱིན་པའི་ཡོང་འབབ་སྒོར་300ཙམ་ཟིན་གྱི་ཡོད།
     ཞིང་ལས་མི་མེད་གནམ་གྲུ་ཞིག་དཔེ་སྟོན་ཁུལ་གྱི་མཁའ་དབྱིངས་ཀྱི་སྔོན་གཏན་འཁེལ་བའི་ལམ་ཐིག་ཏུ་ལོ་ཏོག་གི་སྐྱེ་འཚར་ལ་སྐོར་ཞིབ་བྱེད་བཞིན་འདུག བཀོལ་སྤྱོད་ཁང་དུ་ལས་མི་གཅིག་རང་ལས་མེད་པ་དང་། དེས་ཞིང་ཁར་སྐོར་ཞིབ་བྱེད་པའི་བརྙན་ཤེལ་ལ་ལྟ་ཞོར་དུ་གནམ་གཤིས་ཀྱི་ཆ་འཕྲིན་དང་། ས་རྒྱུའི་གནས་ཚུལ། ལུས་སྦྱོར་གྱི་གྲོས་འགོ་སོགས་ལ་དུས་ངེས་མེད་དུ་ལྟ་ཞིབ་ཚད་ལེན་བྱེད་བཞིན་འདུག
     “འདི་ལོ་གླིང་ཁུལ་དུ་མི་མེད་ཞིང་རའི་དོ་དམ་མ་ལག་འཁོར་སྐྱོད་བྱས་ནས་སྲུང་སྐར་རྒྱང་ཚོར་དང་། མི་མེད་གནམ་གྲུས་ཞིང་ཁར་སྐོར་ཞིབ། ས་བཅུད་མྱུར་དཔྱད་ཡོ་ཆས་སོགས་ཀྱིས་ཞིང་ཁའི་གྲངས་གཞི་འཚོལ་བསྡུ་བྱེད་ཀྱི་ཡོད། ག་དུས་ཆུ་གཏོང་བ་དང་། ཆུ་ག་ཚོད་གཏོང་དགོས་པ། ལུད་ག་ཚོད་མཁོ་བ་བཅས་དུས་ངེས་མེད་དུ་དྲན་སྐུལ་བྱས་ནས་ཞིང་ནང་གཡོག་བྱེད་དེ་བས་ཚན་རིག་དང་མཐུན་པ་དང་། དེ་བས་གནད་ལ་སྨིན་པ། དེ་བས་ལས་ཕྱོད་ཆེ་བ་བཅས་ཡོང་གི་ཡོད། ད་ཆ་རྨོ་ཞིང་མུའུ་4000ལྷག་ཙམ་ལ་ལས་མི་4ལས་དགོས་ཀྱི་མེད་པས། མ་གནས་ཆུང་བ་དང་ཕན་འབྲས་སྔར་བས་ཆེ་བ་ཐོན་རྒྱུ་རེད”ཅེས་པའེ་ཨེན་ཙེ་ཡིས་བཤད།
     (རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)